སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

དཔེ་ཀློག་དང་མི་ཚེ།----གཅན་རང་སད།

སྤེལ་དུས། 2019-04-24 13:40:20    རྡེབ་ཚད།
མཉམ་སྤྱོད་གནས།
   

 

                  དཔེ་ཀློག་དང་མི་ཚེ།
སྤྱི་ལོ་༢༠༡༩ལོའི་རྒྱལ་སྤྱིའི་དཔེ་ཀློག་གི་ཉིན་མོར་གཅན་ཚ་རྫོང་མི་རིགས་སློབ་འབྲིང་དང་པོ་དང་གཉིས་པ་ནས་༼དཔེ་ཀློག་དང་མི་ཚེ༽ཞེས་པའི་འཆད་ཁྲིད་སྤེལ་བ།
                                                      འཆད་ཁྲིད་པ།  གཅན་རང་སད།
 微信图片_20190424135643.jpg
      ཐོག་མར་ངས་གཅན་ཚ་རྫོང་རིག་གནས་ཁང་གི་འགན་འཛིན་སྐུ་ཞབས་བཀྲ་བྷ་ལགས་དང་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་སློབ་གཙོ་རྒན་རྒྱ་མཚོ་དང་རྒན་ལོ་པཱེ་རྣམ་གཉིས་གཙོ་བྱས་པའི་འབྲེལ་ཡོད་མི་སྣ་དག་གིས་མཐུན་འགྱུར་བཀོད་སྒྲིག་མཛད་པ་ལ་བརྟེན་ནས།དེ་རིང་ཡིན་ན་རྒྱལ་སྤྱིའི་དཔེ་ཀློག་གི་ཉིན་མོ་ཞེས་པའི་དུས་ཆེན་ཁྱད་པར་ཅན་འདི་དང་བསྟུན་ཏེ།རང་ཉིད་ཀྱི་མ་ཡུམ་སློབ་གྲྭ་འདི་རུ་ཁྱེད་རྣམ་པ་ལ་དཔེ་ཀློག་དང་མི་ཚེ་ཞེས་པའི་བརྗོད་གཞིའི་སྒང་ནས་ཁ་བརྡ་ཚིག་གསུམ་ཞུ་བའི་གོ་སྐབས་བཟང་པོ་མངོན་དུ་གྱུར་བ་ལ་སྙིང་ཐག་པ་ནས་དགའ་བ་འབུམ་དང་བཅས་ཏེ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
      དེའི་འཕྲོ་ནས་དེ་རིང་གི་ཚོགས་ར་འདིའི་སྒང་ལ་གདན་འཛོམས་པའི་མི་རིགས་ཀྱི་མ་འོངས་པའི་རེ་བའམ་ཡང་ན་སང་ཉིན་གྱི་གངས་རིའི་འདེགས་རྟེན་རེ་རེ་ཡིན་པར་བཤད་ཆོག་པའི་ཁྱེད་ཅག་བོད་རིགས་སློབ་འབྲིང་སློབ་མ་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།
     གཏམ་བཤད་དངོས་གཞི་མགོ་མ་བརྩམས་གོང་ལ་ཐོག་མར་ངས་སློབ་གྲོགས་ཚོར་དྲི་བ་ཞིག་འདྲི།འཛམ་གླིང་དཔེ་ཀློག་གི་ཉིན་མོ་ཟེར་བ་འདི་དུས་ནམ་ཞིག་ལ་གནས་གང་ཞིག་ནས་གཏན་འཁེལ་བྱས་ནས་དར་འོངས་པ་ཞིག་རེདལན།སྤྱི་ལོ་༡༩༩༥ལོར་སི་ཕན་རྒྱལ་ཁབ་ནས་ནུབ་ཕྱོགས་ཀྱི་མཁས་པ་མང་པོ་ཞིག་གདན་འཛོམས་པའི་ཚོགས་ཐོག་ཏུ་གྲོས་གཞི་གཏན་འབེབས་གནང་ཞིང་།སྤྱི་ལོ་༡༩༩༦ལོ་ནས་དངོས་སུ་ལག་བསྟར་བྱས་པ་ཡིན།མིང་ཆ་ཚང་ལ་རྒྱལ་སྤྱིའི་དཔེ་ཀློག་དང་པར་སྐྲུན་བདག་དབང་གི་ཉིན་མོ་ཞེས་ཟེར་བ་རེད།
སྤྱིར་ཡིན་ན་དཔེ་ཀློག་ནི་མི་ཚེ་གང་བོའི་ནང་གི་དོན་དག་ཆེས་འགངས་ཆེན་ཞིག་ཡིན་པས་ང་ཚོ་སུ་ལ་མཚོན་ན་ཡང་།ལོ་གཅིག་རེའི་ནང་ལོགས་ནས་དེ་རིང་གི་ཉིན་མོ་འདི་ཁོ་ནར་དོ་སྣང་བྱས་པས་མི་ཆོག་པར།ཉི་མ་༣༦༥བོ་རེ་རེ་བཞིན་དཔེ་ཀློག་གི་ཉིན་མོ་ཞིག་ཏུ་སྲུང་བརྩི་བྱེད་ཐུབ་པའི་སྨོན་འདུན་ཞུས་པ་ཡིན།
     དེ་རིང་གི་སྐབས་སུ་བབས་པའི་༼དཔེ་ཀློག་དང་མི་ཚེ༽ཞེས་པའི་གླེང་གཞི་འདི་ལ་ང་རང་གིས་ནང་གསེས་སུ། ༡ དཔེ་ཀློག་གི་དགོས་པ་དང་ཕན་ནུས། ༢ དཔེ་ཀློག་གི་ཁ་ཕྱོགས་དང་དམིགས་ཡུལ། ༣ དཔེ་ཀློག་གི་གོམས་གཤིས་དང་ཐབས་ལམ་ཟེར་བ་འདི་འདྲའི་དོན་ཚན་གསུམ་གྱི་སྒོ་ནས་ཞུས་ན་བསམས་ཡོད།
                  དང་པོ།དཔེ་ཀློག་གི་དགོས་པ་དང་ཕན་ནུས།
     སྤྱིར་དཔེ་ཀློག་ནི་མི་ཞིག་གི་མི་ཚེ་ཧྲིལ་བོའི་ནང་རང་ཉིད་ཀྱི་བསམ་བློ་ནར་སོན་པ་དང་འཇོན་ནུས་མཐོར་འདེགས་བྱེད་པ་ལ་མེད་དུ་མི་རུང་བའི་བྱེད་སྒོ་ཉག་གཅིག་ཡིན།དེའི་ཕྱིར་རྒྱལ་ཁབ་ཕྱི་ནང་དང་མི་རིགས་འདྲ་མིན་གྱི་གནའ་དེང་གི་མཁས་པ་གནམ་གྱིས་ས་བཀབ་པ་ལྟ་བུ་དག་གིས་རང་ཉིད་ཀྱི་ཚད་ཡོད་པའི་མི་ཚེའི་ནང་ལོགས་ནས་གསེར་ལྟ་བུའི་དུས་ཚོད་ཕལ་མོ་ཆེ་དཔེ་ཀློག་གི་ཐད་ལ་བཀོལ་བ་དང་ཐ་ན་སྐུ་ཚེ་ཧྲིལ་བོ་ཤེས་རིག་སློབ་གཉེར་གྱི་ཕྱོགས་ལ་བསྟིམས་པའི་ལོ་རྒྱུས་ཡོད་པ་རེད།དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ཡང་།ཇི་སྐད་དུ།ཁྱེད་ཅག་གི་མཐོ་འབྲིང་སློབ་དེབ་ནང་ནའང་ཡོད་པ་སྟེ།ཐོས་པས་ཆོས་རྣམས་ཤེས་པར་འགྱུར།།ཐོས་པས་དོན་མ་ཡིན་པ་སྤོང་།།ཐོས་པས་སྡིག་ལས་ལྡོག་པར་བགྱིད།།ཐོས་པས་མྱ་ངན་འདས་པ་ཐོབ།།ཅེས་གསུངས་ཡོད་པ་བཞིན།རང་ཅག་འགྲོ་བ་མིའི་འཚོ་གནས་ཀྱི་ཁོར་ཡུག་འདིར།ཇི་ལྟ་ཇི་ལྟར་དཔེ་ཀློག་བསྟེན་ན་དེ་ལྟ་དེ་ལྟར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་འཕེལ་བར་འགྱུར་བ་དང་།བླང་དོར་གྱི་གནས་ལ་མཁས་པར་གྱུར་ཏེ་ཆོས་སྲིད་གང་ཐད་ནས་དོན་མ་ཡིན་པ་སྟེ་ལམ་ལོག་ཏུ་མི་འགྲོ་བ།རང་གི་སྒོ་གསུམ་གྱི་སྤྱོད་ལམ་ཡ་རབས་དང་དྲང་བདེན་གྱི་ཕྱོགས་སུ་ཕྱིན་ཏེ་དམུ་རྒོད་དང་གདུག་རྩུབ་ཀྱི་གཡང་ས་ཆེན་པོ་འགགས་པར་འགྱུར་བ།མཐར་ཐུག་མི་ཤེས་པའི་སྡུག་བསྔལ་ལས་ཐར་ཏེ་མཁས་པའི་གོ་འཕང་ལ་རང་དབང་དུ་མངའ་བརྙེས་པར་འགྱུར་བ་སོགས་དགེ་མཚན་དང་དོན་སྙིང་བླ་ན་མེད་པ་མཆིས་སོ།།
དེའི་ཕྱིར་ས་སྒང་སྔོ་རིལ་འདིའི་སྟེང་གི་མི་སྣ་རླབས་ཆེན་སུ་དང་གང་ལ་མཚོན་ནའང་དཔེ་ཀློག་ལ་མ་བརྟེན་པ་ཧ་ལམ་མེད་ཅེས་བཤད་ཆོག མི་བོ་ཆེ་དེ་དག་གིས་ལོ་ངོ་ཉི་ཤུའམ་སུམ་ཅུ།ཡང་ན་མི་ཚེ་གང་པོར་དཔེ་ཆར་བལྟས་པའི་ཉམས་མྱོང་ངམ་ཤེས་རབ་ཀྱི་ཉིང་བཅུད་མཐའ་དག་གླེགས་བམ་གྱི་ནང་དུ་བསྐྱིལ་ཡོད་པས།རང་ཅག་ལ་མཚོན་ན་དཔེ་ཀློག་བྱེད་པ་ནི་མི་སྣ་རླབས་པོ་ཆེ་དེ་དག་གི་རིན་ཐང་གཞལ་དུ་མེད་པའི་བསམ་བློའི་གཏེར་ཁ་ལ་ཉེ་བར་བཅར་བའི་མྱུར་ལམ་གཅིག་པུ་དེ་ཡིན་ལ།ཁྱད་པར་དུ་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པ་ལ་མེད་དུ་མི་རུང་བའི་བདག་རྐྱེན་གཙོ་བོ་ཉག་གཅིག་ཡིན་ནོ།།
གལ་སྲིད་འཚོ་གནས་ཁྲོད་དཔེ་ཀློག་དང་རྦད་དེ་ཁ་བྲལ་བའི་མི་ཞིག་ཡིན་ཚེ།ཁོའི་མི་ཚེ་ཡང་མཐར་གཏུགས་ན་མར་མེ་མེད་པའི་ལྒང་ཞུ་དང་མཚུངས་པར་ཤེས་རབ་ཀྱི་འོད་སྣང་གིས་སྟོངས་པས་སྙིང་བོ་ཅི་ཡང་མ་མཆིས་སོ།།དེའི་ཕྱིར་ས་པཎ་གྱིས།ཕན་དང་མི་ཕན་མི་དཔྱོད་ཅིང་།།བློ་དང་ཐོས་པ་མི་བསྒྲུབ་པར།།ལྟོ་འགྲངས་འབའ་ཞིག་དོན་གཉེར་བ།།སྤུ་མེད་པ་ཡི་ཕག་པ་ཡིན།།ཞེས་གསུངས་ཡོད་པ་དང་།སངས་རྒྱས་བཅོམ་ལྡན་འདས་ཀྱིས།ཐོས་པ་ཆུང་བའི་སྐྱེས་བུ་ནི།།བ་གླང་བཞིན་དུ་རྒས་འགྱུར་ཏེ།།དེ་ཡི་ཤ་རྣམས་འཕེལ་གྱུར་ཀྱང་།།དེ་ཡི་ཤེས་རབ་འཕེལ་མི་འགྱུར།།ཞེས་གསུངས་པ་སོགས་ཀྱང་མདོར་བསྡུས་ན།སྐྱེ་བོ་ཡོད་དོ་ཅོག་ལ་རང་ཉིད་འཚོ་སྡོད་ཀྱི་ཁོར་ཡུག་ཁྲོད་བྱ་བའི་ལེགས་ཉེས་ཀྱི་ཁྱད་པར་དང་འཇུག་ལྡོག་བླང་དོར་གྱི་གདམ་ག་མ་ནོར་བར་འབྱེད་ཐུབ་མཁན་ཞིག་བྱེད་བསམས་ན།ཅིས་ཀྱང་དཔེ་ཀློག་དང་སློབ་གཉེར་ལ་བརྟེན་ནས་ཡང་དག་པའི་ཤེས་རབ་བསྐྱེད་དགོས་ཞེས་གདམས་པ་ཡིན་ནོ།།
རྗེ་ཙོང་ཁ་པས་ཕྱི་རབས་པའི་ཁྲོད་ན་ང་ལ་མ་མཇལ་སྙམ་པའི་ཕངས་སེམས་འཆང་མཁན་ཡོད་ན།ངས་བྲིས་པའི་ལམ་སྔགས་གཉིས་ལ་ནམ་རྒྱུན་ལྟ་ཀློག་གྱིས་དང་ཆོག  ང་ལ་དངོས་སུ་མཇལ་ཡང་དེ་ལས་ལྷག་གསུང་རྒྱུ་མེ  ཅེས་དང་མཛད་པ་ཀུན་ལས་གསུང་གི་ནི།།མཛད་པ་མཆོག་ཡིན་དེ་ཡང་ནིཞེས་སོགས་གསུངས་ཡོད་པ་དང་། བླ་བྲང་གི་ཨ་ཁུ་ཞང་སྟོན་བསྟན་པ་རྒྱ་མཚོ་ཚང་གིས་ཀྱང་ཁ་ཏོན་མ་གེ་མུག་གེ་ཅིག་འདོན་པ་ལས།རྒྱལ་བའི་གསུང་རབ་ལ་དཔེ་གཟིགས་གནང་་ཚོགས་གསོག་སྒྲིབ་སྦྱོང་གི་གནད་ཟིན་པ་ཡིནཞེས་གསུངས་པ་དང་།  ཁྱད་པར་དུ་ཉེ་རབས་ཀྱི་མཁས་པ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་ཚང་གིས་ང་ལ་ན་ཚ་ཅི་རིགས་འབྱུང་བའི་དབང་དུ་བཏང་ན་ཡང་ མིག་ནད་མ་བྱུང་ན་དེས་ཆོག   མིག་དབང་ལ་ནད་ཅིག་འབྱུང་བ་ལས་མཛེ་ནད་འདྲ་བྱུང་ན་དགའཞེས་གསུངས་ཡོད་པ་སོགས་ལས།ཁོང་རྣམ་པས་དཔེ་ཀློག་ལ་ནན་ཏན་དང་གཙིགས་ཆེན་ཅི་འདྲ་གནང་ཡོད་པ་རྟོགས་ཐུབ།
དེ་བཞིན་དུ་ཚན་རིག་གི་ཕ་ཡབ་ཆེན་མོ་ཨེ་དབྱིན་སི་ཐན་གྱིས་ཀྱང་ཁོ་བོ་སྔོན་བྱོན་གྱི་མི་བོ་ཆེ་དག་གི་ཕྲག་སྟེང་ལ་འཛེགས་ནས་རྒྱང་རིང་མཐོང་བ་ཙམ་ཡིནཞེས་དང་།རྒྱ་ནག་གི་གཏམ་དཔེར་ཡང་།དཔེ་ཀློག་མཁན་པོ་སྒོ་ཕྱིར་མ་བུད་ཀྱང་།།གནམ་འོག་དོན་དག་ཁྲི་འབུམ་ཤེས་པར་འགྱུར་ཞེས་པའི་བཤད་རྒྱུན་ཡོད་པ་སོགས་ལས་ང་ཚོས་ཅིས་ཀྱང་དཔེ་ཀློག་བསྟེན་དགོས་པའི་གལ་ཆེན་རང་བཞིན་གསལ་བོར་ཤེས་ཐུབ།
ཤེས་རབ་སྡོང་བུ་ལས།སྐྲ་དཀར་གཉེར་མ་ལྷགས་དུས་སུའང་།།ཐོས་པ་མང་དུ་བསགས་བྱ་སྟེ།།གང་དུ་ཐོས་མང་འགྲོ་འགྱུར་བ།།དེར་ནི་ཕུང་བོ་འགྲོ་མི་འགྱུར།།ཞེས་དང་།རིག་པ་ནངས་པར་འཆི་ཡང་སློབ།།ཚེ་འདིར་མཁས་པར་མ་གྱུར་ཀྱང་།།སྐྱེ་བ་ཕྱི་མར་བཅོལ་བ་ཡི།།ནོར་ལ་རང་ཉིད་ལེན་དང་མཚུངས།།ཞེས་སོགས་གསུངས་པ་ནང་བཞིན་དཔེ་ཀློག་བྱེད་རྒྱུ་དེ་ཚེ་འདི་ཕྱི་ཀུན་གྱི་བདེ་དགེ་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་ཡིན་པར་བསྟན་ཡོད།དེ་བས་དཔེ་ཀློག་བྱེད་རྒྱུ་ནི་དེ་རིང་ལྟ་བུའི་ཉིན་མོ་རེ་གཉིས་ཤིག་གི་ནང་ལ་གལ་ཆེ་རབས་བཤད་ནས་དོ་སྣང་བྱེད་རྒྱུ་དང་ཞག་གསུམ་ལོན་ཚེ་རྗེས་མེད་གཡེང་བས་ཁྱེར་ཆོག་པ་ཞིག་ཡེ་ནས་མ་རེད།།གུང་ཐང་བསྟན་པའི་སྒྲོན་མེས་ཀྱང་།ཞུགས་མ་ཐག་ནས་མཁས་པའི་གོ་འཕང་འདོད།།ཞག་གསུམ་ལོན་ཚེ་རྗེས་མེད་གཡེང་བས་ཁྱེར།།དེ་འདྲ་དེ་ལ་ཅི་ཡང་མི་ཡོང་བས།།བརྩོན་པ་ཆུ་བོའི་རྒྱུན་བཞིན་སྟེན་ཅིག་ཨང་།།ཞེས་གསུངས་ཡོད་པ་ལྟར།དཔེ་ཀློག་ནི་ཉིན་ཞག་རེ་གཉིས་ཀྱི་དོན་དག་ཅིག་མ་ཡིན་པར།ཟླ་ནས་ཟླ་དང་ལོ་ནས་ལོ།ཐ་ན་མི་ཚེ་གང་བོར་རྒྱུན་བསྐྱངས་ཏེ་ལ་ལེན་ལ་བསྟར་དགོས་པའི་བྱ་བ་ཞིག་ཡིན་པ་ཤེས་དགོས བོད་མི་རིགས་ནི་སྤྱིར་ན་གནའ་སྔ་མོ་ནས་ཤེས་རབ་ལ་དུངས་པའི་མི་རིགས་ཤིག་དང་དཔེ་ཀློག་ལ་སྤྲོ་བའི་མི་རིགས་ཤིག་ཡིན་ཏེ།བོད་ཀྱི་ལོ་རྒྱུས་སྟེང་འཚོ་བ་ངན་ངོན་ཙམ་ལ་བརྟེན་ནས་མི་ཚེ་གང་བོར་ཐོས་བསམ་དང་དཔེ་ཀློག་ལ་རྩེ་གཅིག་ཏུ་གཞོལ་བའི་མཁས་པའི་དབང་པོ་བགྲང་གིས་མི་ལང་བ་ཞིག་བྱོན་མྱོང་བ་རེད།དཔེར་ན་ཤར་སྐལ་ལྡན་རྒྱ་མཚོ་མཆོག་གིསངས་ལོ་ན་བཅུ་གཅིག་བཅུ་གཉིས་ནས་བཟུང་སྟེ་ལོ་བདུན་ཅུ་ཁ་ཡར་ལ་སླེབས་རག་བར་དུ་སློབ་གཉེར་བར་མ་ཆད་པར་བྱས་པའི་བཀའ་དྲིན་ལ་བརྟེན་ནས།ད་ལྟ་རྒྱལ་བའི་གསུང་རབ་ཀྱི་དགོངས་པ་ཨེན་ཙམ་ལོན་ཐུབ་སོངཞེས་གསུངས་པ་དང་།  ཨ་ལགས་དུང་དཀར་ཚང་གིས་ཁོང་གཅིག་པུས་དཔེ་ཆ་དུམ་པ་སུམ་སྟོང་ཉིས་བརྒྱ་ལྷག་བལྟས་ཡོད་པར་གསུངས་ཡོད།ཨ་རིའི་བོད་རིག་པའི་མཁས་དབང་ཆེན་མོ་ཇེམ་སུ་མུ་ཐི་ཟེར་བ་ཞིག་གིས་སྐུ་ཚེ་གང་བོར་ཡིག་རིགས་འདྲ་མིན་གྱི་དཔེ་ཆ་ལྔ་སྟོང་ལྷག་བལྟས་ཚར་ཞེས་ཁོང་སྐུ་དངོས་ཀྱིས་གསུངས་པ་ངས་ཐོས་མྱོང་།དེ་ཡང་སྤྱི་ལོ་༢༠༠༩ལོ་སྟེ།ང་རང་ཨ་རིར་ཕྱིན་ཏེ་ནེའུ་ཡོག་གི་ཧི་མ་ལ་ཡའི་རིག་མཛོད་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཟེར་བའི་ལས་ཁུངས་ཞིག་ནས་ལོ་ཕྱེད་ཀྱི་རིང་ལ་བོད་རིག་གི་བཀའ་བསྟན་གྱི་མཚན་བྱང་གློག་རྡུལ་དཀར་ཆག་ཏུ་བསྒྲིགས་པའི་བྱ་བ་བསྒྲུབས་པ་ཡིན།ཉིན་ཞིག་ཨ་རིར་བཞུགས་པའི་བོད་ཀྱི་རྩོམ་པ་པོ་སྐད་གྲགས་ཅན་ཧོར་གཙང་འཇིགས་མེད་ཟེར་བ་དེལས་ཁུངས་འདི་གར་དངོས་སུ་འབྱོར་ཞིང་།ཁོང་གི་རེ་བ་ལྟར་ལས་གྲོགས་ཆུང་བདག་ཟེར་བ་ཞིག་དང་ངེད་གཉིས་ཀྱིས་ཧོར་གཙང་འཇིགས་མེད་ལགས་ཀྱིས་དེ་སྔ་བརྩམས་གྲུབ་ཟིན་པའི་༼མདོ་སྨད་ལོ་རྒྱུས་ཆེན་མོ༽དེབ་རྒན་དྲུག་གི་བདག་ཉིད་ཅན་དེ་བསྣམས་ནས།བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་འགན་འཛིན་ཆེན་མོ་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་སྐུ་ཞབས་ཇེམ་སུ་མུ་ཐུ་ལགས་ཀྱི་གཞུང་ལས་ཁང་དུ་ཕྱིན་པ་ཡིན།སྐབས་དེར་ཇེམ་ལགས་ཀྱིས་༼མདོ་སྨད་ལོ་རྒྱུས་ཆེན་མོའི༽དཔེ་ཆ་དེ་དག་ཕར་སློག་ཚུར་སློག་བྱེད་བཞིན་ཧོར་འཇིགས་ལགས་ལ་དེའི་སྐོར་ནས་བཀའ་འདྲི་གནང་སོང་།ཧོར་གཙང་འཇིགས་མེད་ཀྱིས་རང་ཉིད་ཀྱིས་སྔ་ཕྱིར་ལོ་ངོ་དགུའི་རིང་གི་དུས་ཚོད་བཏང་ནས་དེབ་རྒན་དེ་དག་རྩོམ་འབྲི་བྱས་རབས་དང་།ཁྱོན་བསྡོམས་པས་རྒྱུ་ཆ་རིགས་མི་འདྲ་བ་ལྔ་བརྒྱ་ལྷག་དཔྱད་གཞིར་བཟུང་ཚུལ་སོགས་ཞུས་སོང་།སྐབས་དེར་ཇེམ་ལགས་ཧང་སངས་པའི་ཉམས་ཀྱིས་མཐེ་བོང་སྒྲེང་བཞིན།ཁྱེད་ཀྱིས་དེབ་ལྔ་བརྒྱ་ཙམ་བཀླགས་ནས་འདི་འདྲའི་དེབ་རྒན་དྲུག་རྩོམ་ཐུབ་ན་ངོ་མ་ངར་བ་རེད།ངས་ནི་ཉུང་མཐར་དེབ་ལྔ་སྟོང་ལྷག་བཀླགས་ཡོད་ཀྱང་འདི་འདྲའི་དེབ་རྒན་གཅིག་ཀྱང་རྩོམ་ཐུབ་གིན་མི་འདུགཅེས་གསུངས་སོང་།ཁོང་ལ་མཚོན་ན་སྐད་ཆ་དེ་ནི་ཕ་རོལ་བོར་ཟུར་ཟ་བྱས་པའམ་ཚིག་མཚོན་བཏབ་པ་ལྟ་བུ་ཡེ་ནས་མ་ཡིན་པར་དོན་དངོས་པོའི་གནས་ཚོད་ལྟར་བཤད་པ་ཤ་སྟག་ཡིན།ཇེམ་ལགས་ལ་མཚོན་ན་སྤྱི་ལོ་༡༩༦༥ལོ་ནས་བཟུང་སྟེ་བོད་ཀྱི་རིག་གཞུང་ལ་ཉམས་ཞིབ་བྱེད་པའི་མགོ་བརྩམས་ཤིང་།དེ་ནས་སྤྱི་ལོ་༢༠༡༢ལོ་སྟེ་དགུང་ན་བདུན་ཅུ་ལྷག་ལ་སོན་ནས་སྐུ་ཚེ་མཇུག་རྫོགས་པའི་བར་དུ་བོད་ཀྱི་རིག་གཞུང་གིས་མཚོན་པའི་འཛམ་གླིང་ཤར་ནུབ་ཀྱི་དཔེ་དེབ་སྣ་ཚོགས་ལ་ཞིབ་གཟིགས་གནང་སྟེ་མི་ཚེ་མཐར་བསྐྱལ་བ་ཞིག་རེད།མཐའ་མཇུག་ཁོང་གི་ཞལ་ཆེམས་ལྟར་རང་ཉིད་ཀྱི་ཕྱག་དཔེ་བོད་ཡིག་རྐྱང་པ་དེབ་ཆིག་ཁྲི་ཉིས་སྟོང་ལྷག་བཞུགས་པ་ཡོངས་རྫོགས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་ཞལ་འདེབས་སུ་ཕུལ་བ་ད་ལྟ་སློབ་གླིང་དེ་ག་ན་དངོས་སུ་ཉར་ཚགས་བྱས་ནས་བཤམས་སྟོན་གནང་ཡོད།ཡིན་ནའང་ཇེམ་སུ་མུ་ཐུ་ཁོང་གིས་སྐུ་ཚེ་གང་བོར་དཔེ་དེབ་གཉིས་མ་གཏོགས་བརྩམས་མེད།དེ་ནི་ཁོང་ཉིད་ཀྱི་སྐུ་ཚེ་གང་བོར་དཔེ་གཟིགས་རྒྱ་ཆེར་གནང་བ་ལས་ཐོན་པའི་ཤེས་རབ་ཀྱི་ཉིང་བཅུད་གླེགས་བམ་དུ་བསྐྱིལ་བ་ཞིག་རེད།དེས་ན་སློབ་གྲོགས་ཚོས་ཤོད་དང་།ང་ཚོས་སྐྱེས་ཆེན་དམ་པ་དེ་དག་གི་གསུང་རྩོམ་ལ་མཇལ་ནས་དཔེ་ཀློག་བྱེད་རྒྱུ་གལ་ཆེན་རེད་དམ་མ་རེད།
微信图片_20190424135622.jpg
གོང་ནས་ཟུར་ཙམ་ཞུས་པ་ལྟར་དཔེ་ཀློག་ལ་ཕན་ནུས་དང་དགེ་མཚན་བརྗོད་ཀྱིས་མི་ལང་བ་ཞིག་ཡོད་པས།གཤམ་དུ་ཡང་བསྐྱར་དཔེ་ཀློག་གི་གལ་ཆེན་རང་བཞིན་དོན་ཚན་དྲུག་ཏུ་ཉིང་བསྡུས་བྱས་ཏེཞུ་རྒྱུ་ཡིན།
༡ དཔེ་དེབ་ནི་འགྲོ་བ་མིའི་རིགས་འཕེལ་རྒྱས་ཀྱི་ཐེམ་སྐས་ལྟ་བུ་ཞིག་ཡིན་ཏེ། དཔེ་དེབ་ཁྲོད་དུ་སྐྱེས་བུ་དམ་པ་རྣམས་ཀྱི་བློ་གྲོས་ཀྱི་རྩལ་དང་ཤེས་རིག་གི་ཉིང་བཅུད། ད་དུང་མི་རབས་སྔོན་མ་རྣམས་ཀྱི་འཚོ་བའི་ཉམས་མྱོང་སོགས་འདུས་ཡོད་པས། དཔེ་ཀློག་གི་ལམ་ཁ་བསྟེན་ན་ད་གཟོད་རང་རྒྱུད་ལ་རིག་གནས་དང་ཤེས་བྱ་མང་པོ་འབྱོར་སྲིད་པ་རེད
༢  དཔེ་ཀློག་ལ་བརྟེན་ན་སྔོན་བྱོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་བློ་གྲོས་དང་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་ཤེས་བྱ་མང་པོ་རྒྱུས་ལོན་བྱེད་ཐུབ་པར་མ་ཟད། གནའ་དེང་གི་རིག་གནས་པ་མང་པོ་ཞིག་གི་བསམ་བློ་དང་རྒྱུད་ཀྱི་ཡོན་ཏན་ལ་ཡང་སློབ་སྦྱོང་བྱ་ཐུབ་ཅིང་། རང་ཉིད་ལ་ཡང་དག་པའི་རིན་ཐང་ལྟ་བ་དང་མི་ཚེའི་ལྟ་བ། འཇིག་རྟེན་ལྟ་བ་སོགས་ཀྱང་ཆགས་ཐུབ
༣       དཔེ་ཀློག་ལ་བརྟེན་ན་རང་ཉིད་ཀྱི་བསམ་བློའི་ཆུ་ཚད་ཇེ་མཐོ་དང་ཤེས་བྱའི་ཆུ་ཚད་ཇེ་ལེགས་སུ་གཏོང་ཐུབ་པ་དང་། འཇིག་རྟེན་གྱི་ཤེས་བྱ་སྣ་ཚོགས་ལ་བྱང་གོམས་སུ་འགྲོ་ཐུབ། དེའི་ཕྱིར་དཔེ་ཀློག་བྱས་ན་རང་ཉིད་ཀྱི་ཤེས་རྟོགས་ཇེ་མཐོར་གཏོང་ཐུབ་པ་སོགས་ཀྱི་དགེ་མཚན་ཆེན་པོ་ཡོད།
༤       དཔེ་ཀློག་གིས་མིའི་རྒྱུད་ཀྱི་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་གཏོང་ནུས་པ་མ་ཟད། ད་དུང་མི་གཞན་གྱི་ཉམས་མྱོང་དང་བློ་གྲོས་ལ་བརྟེན་ནས། རང་ཉིད་ཀྱི་མི་ཚེ་དང་ལས་དབང་ལ་ཁ་ལོ་བསྒྱུར་བའམ་བཀོད་སྒྲིག་ཡག་པོ་བྱ་ཐུབ།
༥      དཔེ་ཀློག་ལ་བརྟེན་ན་གྲོགས་པོ་མང་པོ་ངོ་ཤེས་ཐུབ་པར་མ་ཟད། ད་དུང་སྤྱི་ཚོགས་སྟེང་གི་འབྲེལ་བའང་ཇེ་ལེགས་སུ་གཏོང་ཐུབ། ཁྱད་པར་དུ་རང་དང་ཕུགས་འདུན་གཅིག་པའི་གྲོགས་པོ་མང་པོ་བསྒྲིག་ཐུབ། དཔེ་ཀློག་བྱས་པ་ལ་བརྟེན་ནས། ལྟ་བ་དང་ཕུགས་འདུན་གཅིག་པའི་གྲོགས་པོ་ཚོ་དང་མཉམ་ཏུ། འཇིག་རྟེན་འདིར་དོན་སྙིང་ལྡན་པའི་བྱ་བ་རླབས་ཆེན་སྣ་ཚོགས་བསྒྲུབ་ཆོག་པ་དང་། ཤེས་བྱ་སྣ་ཚོགས་བསྡུ་ལེན་བྱས་ཆོག  འདི་ནི་འཇིག་རྟེན་འདིར་ཆེས་དོན་སྙིང་ལྡན་པའི་བྱ་བ་ཞིག་མ་ཡིན་ནམ།
༦      དཔེ་ཀློག་ལ་བརྟེན་ན་ཁྱེད་ཀྱི་མིག་རྒྱང་བསྐྱེད་ནུས་པ་མ་ཟད། ཁྱོན་ཆུང་བའི་ཁོར་ཡུག་ལས་བརྒལ་ནས་འཛམ་གླིང་ལ་བལྟ་ཐུབ། ཁྱེད་ཀྱིས་དཔེ་ཀློག་ལ་བརྟེན་ནས་གནའ་དེང་གི་འཇིག་རྟེན་དང་། རྒྱལ་ཁབ་ཕྱི་ནང་གི་བྱ་བ་མང་པོ་ཞིག་ལ་རྒྱུས་ལོན་བྱ་ནུས། དཔེ་ཀློག་རྒྱ་ཆེར་བྱས་པ་དང་བསྟུན་ནས་ཁྱེད་ཀྱི་སེམས་རྒྱ་ཇེ་ཆེ་དང་། མིག་རྒྱང་ཇེ་རིང་དུ་འགྲོ་བ་ལས་གཞན ད་དུང་ཕུགས་བསམ་དང་བློ་ཁོག་ཀྱང་ཇེ་ཆེར་འགྲོ་སྲིད།
སློབ་གྲོགས་རྣམ་པ ཁྱེད་ཚོས་ཤོད་དང་། གཏམ་བཤད་སྤེལ་ནས་མཚམས་འདིར་བསླེབས་དུས་ཁྱེད་ཅག་སློབ་འབྲིང་སློབ་མ་ཞིག་ཡིན་པའི་ངོས་ནས།ད་རིང་ནས་མགོ་བརྩམས་ཏེ་རང་ཉིད་ལ་རེ་བ་ནན་མོ་བཏོན་ནས་དཔེ་ཀློག་གི་ཕྱོགས་ལ་ནན་ཏན་གྱིས་ཧུར་བརྩོན་དང་རྒྱུན་འཁྱོངས་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཞིག་རང་རྒྱུད་ལ་འཁྲུངས་སོང་ངམ།    རེ་བ་ནི་ཁྱེད་ཅག་གི་ཡིད་ཆེས་ཀྱི་དམ་བཅའ་དང་ལག་ལེན་གྱི་ཆུ་མིག་དེ་གཏན་ནས་གཏན་དུ་བསྐམ་པ་མེད་པར་མི་ཚེའི་མཐའ་སྣེ་རུ་རྒྱུན་བསྲིངས་ཐུབ་པའི་སྨོན་འདུན་ཞུ།
微信图片_20190424135649.jpg
གཉིས།   དཔེ་ཀློག་གི་ཁ་ཕྱོགས་དང་དམིགས་ཡུལ།
ངས་ནམ་རྒྱུན་མི་ཞིག་འཚར་ལོངས་བྱུང་བའི་གོ་རིམ་ཁྲོད་ཀྱི་སློབ་གསོའི་བརྒྱུད་རིམ་དེ་ས་བོན་ལ་བརྟེན་པའི་འབྲས་ལྡན་ལྗོན་པ་ཞིག་ལ་དཔེ་བླངས་ནས་བཤད་གིན་ཡོདདེ་ཡང་སློབ་ཆུང་ནི་ས་བོན་གྱི་གནས་སྐབས་དང་སློབ་འབྲིང་ནི་མ་སྡོང་གི་གནས་སྐབས།སློབ་ཆེན་ནི་ཡལ་འདབ་ཀྱི་ཁོ་ལག་རྒྱས་པའི་གནས་སྐབས།སྤྱི་ཚོགས་ཀྱི་ལས་གནས་ནི་འབྲས་བུའི་གནས་སྐབས་ལྟ་བུ་ཞིག་ལ་ངོས་འཛིན་ཆོག་སྙམ།དེ་ལྟར་ན་དཔེ་ཀློག་ལ་མཚོན་ན་ཡང་སློབ་འབྲིང་གི་གནས་སྐབས་འདི་ནི་ཤིན་ཏུ་གལ་ཆེ་བའི་འགག་སྒོ་ཞིག་ལ་འཁེལ་ཡོད་པ་མིན་ནམ།
སྤྱིར་དཔེ་ཀློག་ལ་ཐུན་མོང་རིག་གནས་སམ་རྨང་གཞིའི་ཤེས་བྱའི་སྐོར་གྱི་དཔེ་ཀློག་དང་ཆེད་ལས་ཤེས་བྱའི་སྐོར་གྱི་དཔེ་ཀློག་གཉིས་ཡོད་པ་ལས།ལོ་རྒྱུས་དང་རྩོམ་རིག  མཚན་ཉིད་རིག་པ་སོགས་ནི་རྨང་གཞིའི་ཤེས་བྱའི་སྐོར་ལ་གཏོགས་པ་ཡིན།གོང་དུ་བཤད་ཟིན་པ་ལྟར་སློབ་འབྲིང་སློབ་མའི་གནས་སྐབས་ནི་སློབ་གསོའི་མ་སྡོང་གི་གནས་སྐབས་ཡིན་པ་བཞིན་དཔེ་ཀློག་གི་ཐད་ནས་ཀྱང་མི་ཚེ་གང་བོའི་ནང་གི་ཤེས་ཡོན་གྱི་རྨང་རྟེན་འདིང་བའི་དུས་སྐབས་ཤིག་ལ་བསླེབས་ཡོད་པས།མཚམས་འདིར་རང་ཉིད་ལ་ཡང་དག་པའི་དཔེ་ཀློག་གི་དམིགས་ཡུལ་དང་ཁ་ཕྱོགས་ཤིག་ཅིས་ཀྱང་ཡོད་དགོས།ལྷག་པར་དུ་ཁྱེད་ཅག་ལྟ་བུའི་བོད་མི་རིགས་ཀྱི་མ་འོངས་པའི་རྐང་འཛིན་དུ་གྱུར་བའི་སློབ་འབྲིང་སློབ་མ་ཞིག་གི་ངོས་ནས་བཤད་ན།ཐོག་མར་ཕ་སྐད་མ་ཡིག་གི་དཔེ་ཀློག་བསྟེན་རྒྱུ་གཙོ་བོར་བཟུང་སྟེ་སྐབས་ཐོག་འདི་ནས་བཟུང་རང་མི་རིགས་ཀྱི་རིག་གནས་འདུ་ཤེས་སམ་མཛེས་དཔྱོད་ཀྱི་སེམས་ཁམས་ཤིག་ཆགས་པར་བརྩོན་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་རེད།མི་བུ་ཞིག་འཚར་ལོངས་བྱུང་བའི་གོ་རིམ་ནང་ཤེས་ཡོན་གྱི་མ་ལག་ཆགས་པའི་བརྒྱུད་རིམ་དེ་མཆོད་རྟེན་ཞིག་ལ་དཔེ་བཞག་པ་ཡིན་ན།རང་གི་མི་རིགས་ཀྱི་སྐད་དང་ཡི་གེ་ནི་དེའི་བུམ་གདན་ནམ་རྨང་རྟེན་ལྟ་བུ་དང་དེ་ལ་བརྟེན་པའི་རིག་གནས་འདུ་ཤེས་ནི་སྲོག་ཤིང་ལྟ་བུ།དེའི་སྟེང་ལ་མི་རིགས་གཞན་གྱི་སྐད་ཡིག་གི་ལེགས་ཆ་ནི་དེའི་ཟ་ར་ཚགས་དང་ཡང་ན་ཉི་ཟླ་ལྟ་བུར་ངོས་འཛིན་ཆོག  དེ་ལྟར་ལག་ལེན་དུ་བཏབ་པ་ཡིན་ན།ད་གཟོད་རང་སྟེང་གི་ཁྱད་ཆོས་མ་བོར་བའི་ཤེས་ཡོན་གྱི་མཆོད་རྟེན་ངོ་མཚར་ཞིང་ཐུན་མོང་མ་ཡིན་པ་ཞིག་བཞེངས་བསྐྲུན་བྱེད་ཐུབ་ཀྱིན་ཡོད་པ་རེད།དེ་ལྟར་མ་ཡིན་པར་ཡོད་ཚད་གཞན་གྱི་རྗེས་སུ་རྒྱུགས་ཚེ།ཁྱོད་ཀྱིས་གང་སྦྱངས་པའི་ཤེས་བྱ་དེ་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་ཀྱི་ཟུར་ངོས་གང་ཡང་ཐོན་མི་ཐུབ་པས་ཕ་རོལ་བོས་ཀྱང་དོ་སྣང་དང་གདེང་འཇོག་ཅི་ཡང་བྱེད་མི་སྲིད།དཔེར་ན།ཁྱེད་ཅག་གིས་དེང་ནས་དབྱིན་ཡིག་ལྟ་བུ་གཉིད་ཆག་ཟས་བརྗེད་ཀྱི་ངང་ལ་འབད་པ་བླ་ལྷག་གིས་བསྟེན་ཏེ་སྦྱངས་པ་ཅི་འདྲ་བྱས་པའི་དབང་དུ་བཏང་ན་ཡང་།ནམ་ཞིག་ཨ་རི་ལྟ་བུའི་ནུབ་ཕྱོགས་རྒྱལ་ཁབ་ཁག་་འགྲོ་ཐུབ་པའི་དབང་དུ་བཏང་ཡང་།རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་རྨང་གཞི་གང་ཡང་ཆགས་ཐུབ་མེད་ཚེ།ནུབ་གླིང་སྤྱི་ཚོགས་ཁྲོད་ཀྱི་གད་སྙིགས་འཐུ་མཁན་གྱི་སྤྲང་སློང་དག་ལའང་མི་དོ་བར་ཁྱད་ཆོས་ལྷག་པོ་གང་ཡང་མེད་པས་ཡ་མཚན་རྒྱུ་ཅི་ཡང་མེད།དེ་ལས་ཀྱང་ཡ་ང་བ་ནི་གཞན་རིགས་ཀྱི་ཤེས་ལྡན་པའི་སྔུན་ནས་དུས་ངེས་མེད་དུ་ངོ་ཚ་རྟས་མི་ཐེག་པའང་ཇི་ལྟར་ཉོ་རྒྱུ་མི་ཤེས།དཔེར་ན་ཉེ་སྔོན་སློབ་དཔོན་ཆེན་མོ་ཁཱར་ཝུན་གྱིས་བོད་རིགས་སློབ་མ་མང་ཆེ་བ་དེ་འདྲ་རེད།ངས་འདི་ལྟར་བཤད་དོན་རང་གི་མཐོང་ཐོས་དངོས་ལ་སྦྱར་ནས་བཤད་པ་ཡིན་ཏེ།ཉེ་སྔོན་ང་རང་ཨ་རིར་ཡོད་དུས།ཉིན་ཞིག་ངའི་གྲོགས་པོ་ཀོ་རོམ་སྦི་ཡ་སློབ་ཆེན་གྱི་འབུམ་རམས་པའི་མཛུབ་སྟོན་སློབ་དཔོན་ཨེ་ཤ་ཡའི་སྐད་དང་རིག་གཞུང་ཞིབ་འཇུག་ཆེད་མཁས་པ་སྐུ་ཞབས་ཀུ་རཱེ་ཐ་ཐཱོ་ཟེར་བ་ཞིག་ཡོད་པ་ཁོང་གི་ལས་ཤག་ཏུ་ཕྱིན་པ་ཡིན།སྐབས་དེར་ཁོང་གིས་ཕྱི་གླིང་བའི་འབུམ་རམས་སློབ་མ་བཞི་ལ་བཀའ་སློབ་གནང་གི་ཡོད་པས།ང་རང་ཁ་རོག་གེར་ལོགས་སུ་བསྡད་པ་ཡིན།ཡུད་ཙམ་ནས་མིང་ལ་འཕགས་པ་ཟེར་བ དེ་སྔོན་སྐུ་ཞབས་ཁཱར་ཝུན་གྱི་སློབ་མ་ཡིན་ཞིང་དབྱིན་སྐད་ལ་ཅུང་ཟད་མཁས་པ་ཞིག་སློབ་དཔོན་ཆེན་མོ་ཀུ་རཱེ་ལགས་ལ་སྔར་ནས་དུས་ཆད་འཐེན་ཡོད་པ་བཞིན་མཇལ་དུ་བསླེབས་སོང་།ནང་དུ་བསླེབས་མ་ཐག་ཀུ་རཱེ་ལགས་ཀྱིས་ཐོག་མར་ང་ཚོ་ལ་མཚམས་སྦྱོར་ཡག་པོ་ཞིག་བྱས་བྱུང་།སྐབས་དེར་གློ་བུར་དུ་བོད་སྐད་ཅུང་ཙམ་ཤེས་པའི་ཕྱི་གླིང་བའི་འབུམ་རམས་སློབ་མ་ཞིག་གིས་འཕགས་པ་ལགས་ལ་འཚམས་འདྲི་ཞུ་ཞོར།ཁྱེད་ཀྱི་མིང་ལ་འཕགས་པ་ཟེར་རམ།ངོ་ཤེས་པར་ཧ་ཅང་དགའ་བོ་བྱུང་།འཕགས་པ་ཟེར་བའི་ནང་དོན་ག་རེ་རེད་དམཞེས་དྲི་བ་གློ་བུར་བ་ཞིག་བཏོན་སོང་།དུས་དེར་འཕགས་པས་ལྕེ་སྣར་ཞིག་དང་ལྷན་དུ་མགོ་བོ་འཕྲུག་བཞིན་ཁྱད་དུ་འཕགས་པའི་ནང་དོན་རེད་པཱཞེས་ལན་བཏབ་སོང་བས།ང་ཡང་ཅུང་ཟད་དོགས་མི་བདེ་བར་བཏང་ན་ཡང་སྔར་མུས་བཞིན་ཁ་རོག་གེར་བསྡད་པ་ཡིན།དེ་མ་ཉིད་དུ་སློབ་དཔོན་ཆེན་མོ་ཀུ་རཱེ་ཐ་ཐཱོ་ལགས་ནས་ལག་པ་འཕྲེད་དུ་གཡུག་བཞིན་མ་རེད།མཐོང་ལམ་ཐོབ་པའི་སྐྱེས་བུ་ལ་འཕགས་པ་ཞེས་བརྗོད་པ་ཡིནཞེས་གསུངས་སོང་།སྤྱིར་བཏང་བཤད་ན་འདི་ནི་དོན་དག་ཆུང་ཆུང་ཞིག་ཡིན་ཀྱང་བསམ་བློ་གཏོང་དགོས་ས་མང་པོ་ཡོད་པས་ངས་འདི་ནས་ཆེད་དུ་ཁྱེད་ཅག་སློབ་གྲོགས་རྣམ་པར་ད་ལྟ་ནས་རང་གི་མི་རིགས་ཀྱི་རིག་གཞུང་ལ་སློབ་གཉེར་དང་དཔེ་ཀློག་བྱེད་རྒྱུ་གལ་ཆེ་ཚུལ་ཤེས་པའི་ཆེད་དུ་དཔེ་འཇོག་ཙམ་བྱས་པ་ཡིན།ཁྱེད་ཚོ་ཡིན་ན་ཡང་དེང་སང་རྒྱ་ཡིག་དང་དབྱིན་ཡིག་སོགས་སྐད་རིགས་དུ་མ་སྦྱོང་བའི་གོ་སྐབས་ལེགས་པོ་ཡོད་ན་ཡང་།ནམ་རྒྱུན་གྱི་དཔེ་ཀློག་གི་ཐད་ནས་གཙོ་ཕལ་གྱི་དབྱེ་བ་འབྱེད་རྒྱུ་དེ་ཤིན་ཏུ་གལ་ཆེ།གལ་སྲིད་ཁྱོད་ཚོ་ཡང་ད་ལྟ་ནས་སྐད་རིགས་གཞན་གྱི་རྗེས་ལ་ཨ་གསར་གྱིས་བརྒྱུགས་ཏེ་རང་གི་ཕ་མེས་ཡང་མེས་ནས་བརྒྱུད་པའི་རིག་གཞུང་རྩ་ལག་དང་བཅས་པ་མཐོང་ཆུང་དང་སྣང་མེད་ཀྱི་ཡུལ་དུ་བཞག་སྟེ་སེམས་གཏིང་ནས་དུངས་ཞེན་ཟབ་མོས་སློབ་གཉེར་བྱེད་རྒྱུ་ཕར་ཞོག   དཔེ་ཀློག་གི་བག་ཆགས་ཙམ་ཡང་འཇོག་མ་ཐུབ་ཚེ་ནམ་ཞིག་གོང་གི་རང་རིགས་ཀྱི་ཕྱི་འགྲིམ་སློབ་མ་དེ་བཞིན་དུ་ཐ་ན་རང་མིང་ཙམ་གྱི་སྟེང་ནས་ཀྱང་ངོ་ཚ་གང་ནས་ཉོ་རྒྱུ་མི་ཤེས་ཞེས་གསལ་འདེབས་ཙམ་ཞུས་པ་ཡིན།
ཡང་གཅིག་བཤད་ན།ཁྱོད་ཚོ་ཚང་མ་བོད་རིགས་ཀྱི་སློབ་འབྲིང་སློབ་མ་ཏག་ཏག་ཡིན་པས།རིག་གནས་ཀྱི་འདུ་ཤེས་སམ་ཤེས་བྱའི་སྒྲོམ་གཞི་ཐོག་མར་ཆགས་བཞིན་པའི་གནས་སྐབས་འདིར།དཔེ་ཀློག་གི་ཁ་ཕྱོགས་ཡང་དག་པ་ཞིག་ཆགས་སུ་འཇུག་རྒྱུ་དེ་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་གལ་ཆེ་ཤོས་ཤིག་ཆགས་བསྡད་ཡོད་པ་རེད།སྤྱིར་ན་དཔེ་ཀློག་ལ་ཁྱབ་ཆེ་ས་ནས་བཤད་ན།དཔེ་དེབ་ལེགས་པོ་ཇི་ཙམ་མང་དུ་བལྟ་ཐུབ་པ་དེ་ཙམ་གྱིས་རང་ལ་བློ་སྐྱེད་དང་རིགས་ལམ་རྒྱས་པར་འགྱུར་བ་སྨོས་མ་དགོས་ན་ཡང་།མཉམ་མེད་ཇོ་བོ་རྗེསཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་གྲངས་མང་།།ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས།།ངང་པས་ཆུ་ལས་འོ་མ་ལེན་པ་བཞིན།།རང་གི་འདོད་པ་དང་དུ་བླང་བར་རིགས།།ཞེས་གསུངས་པ་ནང་བཞིན།སློབ་འབྲིང་སློབ་མའི་གནས་སྐབས་གཞི་ལ་བཞག་པ་ཡིན་ན།གཙོ་བོ་རྨང་གཞིའི་ཤེས་བྱའི་སྐོར་གྱི་དཔེ་ཆར་ལྟ་ཀློག་བྱེད་རྒྱུ་གཙིགས་སུ་འཛིན་དགོས་པ་སྟེརང་ཉིད་ཀྱི་ལོ་ཚོད་དང་མཐུན་ཞིང་བརྗོད་བྱའི་ནང་དོན་བདེ་ཐང་ཡིན་ལ།སོ་སོའི་རྨང་གཞིའི་ཆུ་ཚད་འཕེལ་རྒྱས་ལ་ཐད་ཀར་ཕན་ཐོགས་ཆེ་བའི་དཔེ་དེབ་ཀྱི་རིགས་བདམས་གསེས་མ་ནོར་བའི་སྒོ་ནས་བལྟ་ཐུབ་དགོས།ཁྱད་པར་དུ་རང་ཅག་བོད་རིགས་སློབ་འབྲིང་སློབ་མ་ཞིག་ལ་མཚོན་ན།སློབ་གསེང་དང་སློབ་ཕྱིའི་སྐབས་སུ་ཡིག་རིགས་གཞན་དང་གཞན་གྱི་དཔེ་དེབ་ལའང་བལྟས་མི་ཆོག་པ་མིན་ཡང་།གཙོ་བོ་རང་ཉིད་འཚར་ལོངས་བྱུང་སའི་འཚོ་གནས་ཀྱི་ཁོར་ཡུག་དང་རིག་གནས་སེམས་ཁམས་མཚོན་པའི་ཕ་སྐད་མ་ཡིག་གི་དཔེ་དེབ་བཀླག་རྒྱུ་ཤིན་ཏུ་ནས་གལ་ཆེའོ།།ངས་བསམས་ན་ཁྱེད་ཅག་གིས་སློབ་འབྲིང་མཐར་ཕྱིན་རག་བར་དུ་མ་མཐར་ཡང་གེ་སར་སྒྲུང་གི་༼འཁྲུངས་གླིང་མེ་ཏོག་ར་བ༽དང་༼ཧོར་གླིང་གཡུལ་འགྱེད༽སྟོད་སྨད་གཉིས།༼ཟློས་གར་ཆེན་པོ་བརྒྱད༽༼བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད༽སོགས་ཅིས་ཀྱང་ལྟ་ཀློག་བྱེད་ཐུབ་དགོས་པར་འདོད།དེའི་སྟེང་ལ་༼མི་ལའི་རྣམ་མགུར༽དང་༼ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་མགུར་འབུམ༽གཞན་ཡང་༼བླ་མའི་རྣམ་ཐར༽རེ་གཉིས་སོགས་ལའང་བལྟ་ཐུབ་ན་ཡག་ཐོག་ཡག་བརྩེགས་ལས་མ་འདས་སོ།།གང་བལྟས་པ་དག་ཀྱང་ཁྲལ་སེལ་སླ་མངོན་ཙམ་དང་གཡག་ཞར་གྱིས་རྩྭ་ཟས་པ་ཙམ་དུ་མ་སོང་བར།ཡང་དང་བསྐྱར་དུ་བལྟས་ཏེ་དཔེ་ཆའི་སྟེང་གི་ཚིག་དོན་གང་ཐད་ནས་རས་ལ་སྣུམ་ཐིམ་པ་ལྟར་བློ་ངོ་ལ་གང་འཚམ་གྱིས་འཇགས་པར་བྱས་ཏེ་བག་ཆགས་ཅུང་ཟད་ཐེབས་ཨེ་ཐུབ་བལྟ་དགོསདེ་ལྟར་ན་རྗེས་ཕྱོགས་སློབ་གྲྭ་ཆེན་མོར་འགྲིམ་སྟེ་རྩོམ་རིག་གསར་རྩོམ་གྱི་ལས་ལ་ཞུགས་ན་འདྲ།མི་ཚེའི་འགྲུལ་བཞུད་ཁྲོད་དོན་རྐྱེན་བཟང་ངན་ཅི་རིགས་ལ་འཕྲད་ན་འདྲ།མདོར་ན་སྤྱི་ཚོགས་ཀྱི་ལས་རིགས་གང་གི་གནས་སྐབས་སུའང་ཁ་ལག་སེམས་གསུམ་གང་རུང་ལ་འོས་འཚམ་གྱི་ཕན་ཐོགས་ངེས་ཅན་འབྱུང་རྒྱུ་ནི་བརྒྱ་ཆའི་བརྒྱ་ཐམ་པས་ཁ་ཚོན་བཅད་ནས་བཤད་ཆོག་པ་ཡིན་ནོ།།
微信图片_20190424135653.jpg
མཚམས་འདིར་སྐབས་སུ་བབས་པའི་དཔེ་ཀློག་གི་དམིགས་ཡུལ་ཕྱོགས་ནས་ཅུང་ཟད་གླེང་ན།སྐྱེ་བོ་སོ་སོའི་རིན་ཐང་ལྟ་ཚུལ་དང་དགའ་ཁ་འཁྱེར་སོ་མི་འདྲ་བའི་དབང་གིས་ཐུན་མོང་གི་ངོས་ནས་དཔེ་ཀློག་གི་དམིགས་ཡུལ་ནི་འདི་ལྟ་བུའོ་ཞེས་བརྟག་པ་མཐའ་བཟུང་གིས་བཤད་མི་ནུས་ན་ཡང་།གང་ཟག་སྒེར་བ་སོ་སོའི་ངོས་ནས་བཤད་ན་དཔེ་ཀློག་གི་དམིགས་ཡུལ་ནི་གནས་སྐབས་ཀྱི་བྱ་བའི་དགོས་མཁོ་ཙམ་མམ་ཡང་ན་མཁས་འདོད་གྲགས་འདོད་ཀྱི་མཚན་སྙན་ཙམ་ལ་དམིགས་པ་ཡིན་ན་ནི་ངལ་བ་འབྲས་མེད་དང་རང་གཞན་གཉིས་བསླུ་ཡི་བྱ་བྱེད་འབའ་ཞིག་ལས་མ་འདས་སོ།།སྔོན་བྱོན་མཁས་པ་ཚོས་ཐོས་བསམ་ཁ་ཕྱི་བལྟས་སུ་མ་སོང་བ་དགོས།ཞེས་དང་།ཐོས་རྟགས་ཞི་ཞིང་དུལ་བ།སྒོམ་རྟགས་ཉོན་མོངས་ཆུང་བ།ཞེས་སོགས་གསུངས་ཡོད་པ་བཞིན།ང་ཚོས་དཔེ་ཀློག་བྱེད་པ་ནི་རང་རྒྱུད་ཀྱི་མ་ཤེས་པ་ཤེས་པར་བྱེད་པ་དང་།མ་ཞི་བ་ཞི་བར་བྱེད་པའི་ཐབས་སུ་འཁྱེར་ཏེ་མི་གཞི་ལེགས་པོ་ཞིག་ཆགས་པའི་རྒྱུ་རྐྱེན་དུ་སོང་ན་འགྲིག་ཡོད་པ་རེད། ཅུང་གསལ་བར་བཤད་ན།དཔེ་ཆ་ཀློག་པ་ནི་མི་བུ་རང་ཉིད་ཀྱི་ཆད་པ་ཁ་གསབ་བྱས་ཏེ་བསམ་བློ་དང་འདུ་ཤེས་ཇེ་ལེགས་དང་།ཤེས་རབ་དང་འཇོན་ནུས་ཇེ་རྒྱས་སུ་གཏོང་ཆེད་ཡིན།ངེས་དོན་གྱི་དཔེ་ཆ་བ་ཞིག་ཡིན་ཚེ།རང་ཉིད་ཀྱི་དཔེ་ཀློག་གི་དམིགས་ཡུལ་དེ་མ་མཐར་ཡང་མིའི་རིགས་ཀྱི་ཤེས་རིག་གི་རྒྱུན་འཛིན་པའི་ཆེད་དུ་དམིགས་པ་ཞིག་ཡིན་དགོས་ཞེས་མཁས་པ་ཚོས་ནན་ཆེར་གསུངས་ཡོད།ཁྱེད་ཚོས་ཀྱང་སློབ་འབྲིང་གི་གནས་སྐབས་འདི་ནས་བརྩམས་ཏེ་མདའ་འཕེན་པ་ལ་འབེན་གྱི་ཁ་ཕྱོགས་ངོས་ཟིན་དགོས་པ་ནང་བཞིན་རང་ཉིད་ཀྱི་དཔེ་ཀློག་གི་ཁ་ཕྱོགས་དང་དམིགས་ཡུལ་ཡང་དག་པ་ཞིག་འཛིན་དགོས་སོ་ཞེས་ཡང་བསྐྱར་གལ་བོ་ཆེ་ལ་ནན་ཏན་ཞུས་པ་ཡིན།
གསུམ་པ།དཔེ་ཀློག་གི་གོམས་གཤིས་དང་ཐབས་ལམ།
     ང་ཚོ་སུ་ཡིན་ཡང་དཔེ་ཀློག་གི་ལས་ལ་ཐོག་མར་འཇུག་དུས་འདུ་འཛོམས་དགའ་སྟོན་ལ་རོལ་བའམ་བཟའ་བཏུང་རྩེད་འཇོ་ལ་འཇུག་པ་ལྟ་བུའི་སྤྲོ་སྣང་ལྡན་པ་ཞིག་མ་ཡིན་པར་ཅུང་ཟད་སུན་སྣང་ལྡན་པའམ་མགོ་ན་བའི་བྱ་བ་ཞིག་ཏུ་བསམས་སྲིད།དེ་ནི་གཙོ་བོ་རང་ཅག་ལ་དཔེ་ཀློག་གི་གོམས་གཤིས་ཡག་པོ་ཆགས་མེད་པ་དང་ཡང་ན་དཔེ་ཀློག་གི་ཐབས་ལམ་ལ་བྱང་མེད་པས་ཡིན།དེས་ན་དཔེ་ཀློག་གི་གོམས་གཤིས་དེ་ཐོག་མར་ཇི་ལྟར་ཆགས་སུ་འཇུག་དགོས་ཤེ་ན།དཔེ་ཀློག་ལ་ཐོག་མར་འཇུག་མཁན་གྱི་ལས་དང་པོ་བ་ཞིག་ལ་མཚོན་ན།ཐོག་མ་ཉིད་ནས་དཔེ་དེབ་ཀྱི་ཁ་ཕྱེས་མ་ཐག་ནས་དུས་ཚོད་མང་པོར་བལྟ་བའམ་ཡང་ན་དཔེ་ཆ་མང་པོ་ཀློག་པ་ནི་སུན་སྣང་སྐྱེ་སླ་ཞིང་དཔེ་མང་ཀློག་པ་ཤེས་རབ་འཆལ་བའི་རྒྱུ།ཞེས་གསུངས་པ་ལྟར།ཀླད་པ་ཉོབ་འགྲོ་བས་དང་པོ་ནས་དེ་ལྟར་བལྟས་ན་དཔེ་ཀློག་གི་མུ་རྒྱུན་ཆད་འགྲོ་བའི་ཉེན་ཁ་ཧ་ཅང་ཆེ།སྤྱིར་དཔེ་ཆ་ཀློག་པ་ནི་མི་ཚེ་གང་བོར་རྒྱུན་འཁྱོངས་བྱེད་དགོས་པའི་ལས་ཀ་ཞིག་ཡིན་པས་དེ་ལ་རང་ཉིད་ཀྱིས་དུས་ཚོད་འོས་འཚམ་གྱིས་བཀོད་སྒྲིག་བྱེད་ཤེས་དགོས་པ་དང་སུན་སྣང་སྐྱེ་རུ་མི་འཇུག་རྒྱུ་གལ་ཆེ།སྔོན་ཆད་སྡེ་ཚ་དགོན་པ་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་ཞོ་འཕང་ཟེར་བ་ཞིག་ཡོད།སྒིས་སྟེང་བློ་བཟང་དཔལ་ལྡན་གྱི་༼ཆབ་ཤོག་ཕྱོགས་བསྒྲིགས༽ནང་རིགས་པ་སྨྲ་བའི་མཛེས་རྒྱན་ཕུན་ཚོགས་དར་རྒྱས་ཞེས་པ་དེ་ཡིན།ཁོང་གིས་ནམ་རྒྱུན་སློབ་བུ་ཚོར་ཁྱོད་ཚོས་དཔེ་ཆར་ལྟ་དུས་ལྟ་ཐེངས་གཅིག་ལ་དུས་ཚོད་མང་པོའི་རིང་བལྟ་མི་དགོས།ཉིན་གཅིག་ལ་ཉུང་མཐར་དུས་ཚོད་གཅིག་རིང་བལྟས་པས་ཆོག  དེ་ལྟར་ཆག་མེད་དུ་རྒྱུན་འཁྱོངས་བྱས་པ་ཡིན་ན་དགེ་བཤེས་ཡ་མེད་ཅིག་འཁྱོངས་ཡོང་ཟེར་ནས་བཤད་མི་ཐུབ་ཀྱང་།དཔེ་ཆ་བ་ཡག་པོ་འཁྱོངས་པར་ངས་ཁག་ཐེག་བྱེད་ཐུབཅེས་གསུངས་པ་རེད།དེར་མ་ཟད་ཁོང་ནམ་རྒྱུན་ཆོས་མཚམས་ཀྱི་སྐབས་སུ།སློབ་བུ་རེ་རེའི་གྲྭ་ཤག་ལ་དངོས་སུ་སྐོར་གཟིགས་སུ་ཕེབས་ཤིང་།ཡུན་རིང་བོར་ནང་དུ་འཛུལ་ནས་དཔེ་ཆ་ལྟ་མཁན་གྱི་གྲྭ་པ་ཚོའི་སྒོ་དང་སྒེའུ་ཁུང་ཕྱག་འཁར་གྱིས་རྡུང་ནས་མི་ཚེ་གང་བོར་དཔེ་ཆར་བལྟ་རྩིས་བྱེད་གིན་མེད་དམ།དེ་འདྲའི་ཡུན་རིང་བོར་ཨུ་ཚུགས་ཀྱིས་ནང་དུ་འཛུལ་བསྡད་ནས་ཅི་བྱེད།སྒོར་ཕེབས་ཏེ་ཕྱག་བསྐོར་ལ་སོངས།ཟེར་ནས་གཤེ་གཤེ་ཚ་ནན་གཏོང་བ་རེད།ཞིབ་ཏུ་བསམས་ན་ཁོང་ནི་དངོས་གནས་དཔེ་ཆ་བ་སྐྱོང་ཤེས་མཁན་གྱི་དགེ་བའི་བཤེས་གཉེན་ཟེར་བ་རེད།གཞན་ཡང་དང་པོར་ལྟ་དུས་ནས་སྤྱང་ལྟོགས་ཤ་ལ་རྔམ་པ་ལྟར་དཔེ་ཆ་མང་པོ་རྩིང་རགས་ཀྱི་སྒོ་ནས་ཧམ་པ་ཚ་བོས་ལྟ་བ་ཡང་ལེགས་པོ་མིན།སྤྱིར་དཔེ་ཆ་མང་པོར་བལྟས་ན་བཟང་ཡང་།རང་ཉིད་ལ་ཤེས་བྱའི་སྒྲོམ་གཞི་བརྟན་པོ་ཞིག་མ་ཆགས་གོང་ནས་ཡར་མར་བཅོ་བརྒྱད་ལ་བལྟས་ན་ཤེས་རབ་འཁྲུགས་པའི་རྒྱུ་རུ་འགྲོ་བ་ལས་བློ་སྐྱེད་དང་ཡར་ཐོན་ལེགས་པོ་ཞིག་མི་འབྱུང་།ད་དུང་ཞིབ་འཇུག་སློབ་མ་མང་པོ་ཞིག་གིས་བཤད་པ་ལྟར་ན།སློབ་དཔོན་ཆེན་མོ་ཨ་ཁུ་བདེ་མཆོག་གིས་ཀྱང་སློབ་གླིང་ནས་རང་གི་སློབ་བུ་ཚོར་ཐུག་ཐེངས་རེར་ཁ་སང་དེ་རིང་དཔེ་ཆ་གང་ལ་བལྟ་གི་ཡོད།ཅེས་འདྲི་རྟོག་བྱེད་ལ།གལ་སྲིད་སློབ་བུས་དེ་རིང་དཔེ་ཆ་ཅིག་ཅིག་ལ་ལྟ་གི་ཡོདཟེར་བ་དང་།སང་ཉིན་ཐུག་དུསདཔེ་ཆ་ཉིག་ཉིག་ལ་ལྟ་གི་ཡོདཅེསལན་བཏབ་པ་ཡིན་ཚེ།ཁོང་ཐུགས་མི་རངས་པར་དཔེ་ཆར་ལྟ་ཤེས་ཀི་མི་འདུགཟེར་ནས་གཤེ་གཤེ་གཏོང་བར་བཤད།དེ་ཡང་ཉམས་མྱོང་ཅན་གྱི་གཏམ་རེད།
ཁྱེད་ཅག་སློབ་འབྲིང་སློབ་མ་རྣམས་ལ་མཚོན་ན།གནས་སྐབས་སུ་མཐོ་རྒྱུགས་ལ་གྲ་སྒྲིག་བྱེད་པའི་སྒང་ཡིན་པས།སློབ་དེབ་ལས་གཞན་པའི་དཔེ་ཀློག་མང་པོ་བྱེད་པའི་དུས་ཚོད་དཀོན་པ་ངས་ཤེས།ཡིན་ནའང་གོང་གི་ཨ་ཁུ་ཞོ་འཕང་ལགས་ཀྱིས་གསུངས་པ་ལྟར་དུས་ཚོད་གཅིག་ལ་ཡང་དཔེ་ཀློག་བྱེད་པའི་དུས་ཚོད་མེད་པ་དེ་འདྲ་ཞིག་གཏན་ནས་མིན།ཁྱད་པར་དུ་དབྱར་གནང་དགུན་གནང་གི་སྐབས་སུ་དུས་ཚོད་མང་པོ་ཡོད།རབ་ཡིན་ན་ཁྱོད་ཚོས་སློབ་གྲྭ་ཆེན་མོར་མ་སོང་སྔོན་དུངས་གོང་ནས་འོས་སྦྱོར་བྱས་པའི་དཔེ་ཆ་དེ་ཚོ་མ་མཐར་ཡང་བཀླགས་ཐུབ་ན་བཟང་།དཔེ་ཆ་ཀློག་དུས་སུའང་ཨ་ཁུ་བདེ་མཆོག་གིས་གསུངས་པ་ནང་ལྟར་ནན་ཏན་གྱིས་ཐེངས་མང་པོར་ཀློག་པའི་གོམས་སྲོལ་ཆགས་སུ་འཇུག་རྒྱུ་གལ་ཆེ།
དེ་ལྟར་ཐོག་མ་ཉིད་ནས་རང་ཉིད་ལ་དཔེ་ཀློག་གི་གོམས་གཤིས་ཡག་པོ་ཞིག་སྐྱེད་བསྲིངས་བྱས་པ་ཡིན་ན།རིམ་གྱིས་རང་ཉིད་ཀྱི་བློ་སྦྱོང་གིས་ཐོབ་པའི་ཤེས་བྱའི་མ་ལག་དང་ཁྱབ་ཁོངས་ཇེ་ཆེར་སོང་བ་དང་བསྟུན་ནས་རང་བཞིན་གྱིས་དཔེ་ཆ་མང་པོ་ཞིག་བལྟ་འདོད་སྐྱེས་ངེས་ཡིན་པ་དང་།དཔེ་ཆར་ལྟ་བའི་དུས་ཡུན་ཀྱང་ངང་ངམ་ཤུགས་ཀྱིས་ཇེ་རིང་དུ་འགྲོ་བ་ཡིན།
རང་ཅག་གཅན་ཚ་ས་གནས་འདི་ནས་འཁྲུངས་པའི་མཁས་མཆོག་ཀུན་མཁྱེན་འཇིགས་མེད་དབང་པོ་ཚང་ལ་མཚོན་ན་ཡང་།དཔེ་གཟིགས་གནང་དུས་ནམ་རྒྱུན་བཞེས་པ་གནང་རྒྱུར་བརྗེད་འགྲོ་བར་བཤད་ལ།སྐབས་རེར་ཞབས་ཞུ་བས་གཟན་སྣེ་ནས་འཐེན་ཏེ་དྲན་སྐུལ་བྱེད་དགོས་པར་གྲགས།མཚམས་འདིར་ངའི་ཡིད་ལ་གཏམ་རྒྱུད་ཅིག་དྲན་འོངས་པ་ཁྱེད་ཚོ་ལ་བཤད།སྤྱི་ལོ་༢༠༠༦ལོའི་དབྱར་ཁའི་ཉིན་ཞིག་ངས་གོང་དུ་བཤད་པའི་ཨ་རིའི་གྲོགས་པོ་ཀུ་རཱེ་ཐ་ཐཱོ་ཟེར་བ་དེ་དང་ངེད་གཉིས་དན་ཏིག་དགོན་པར་མཇལ་སྐོར་དུ་སོང་བ་ཡིན།དེ་དུས་དགོན་པ་དེར་རླངས་འཁོར་གྱི་བགྲོད་ལམ་བཤངས་མེད་པས་དཔའ་ལུང་ཁོར་སྦ་ཟེར་བའི་ས་ཆ་ནས་དགོན་པ་ཡོད་སའི་བར་རྐང་ཐང་ལ་རི་ལམ་བརྒྱུད་དེ་འགྲོ་དགོས་ཤིང་ཕར་འགྲོ་ཚུར་འོང་ལ་ཧ་ལམ་དུས་ཚོད་ལྔ་ཙམ་དགོས་པ་ཡིན།ངེད་གཉིས་ཕྱིར་འོངས་དུས་ཆར་ཞོད་དྲག་པོ་ཞིག་བབས་པས་ལུས་ཡོངས་སྦངས་ཤིང་ཐང་ཆད་པས་བྲག་སྐེད་ཅིག་ནས་ངལ་ཅུང་ཙམ་གསོས་པ་ཡིན།སྐབས་དེར་ཁོང་གིས་རང་ཉིད་ཀྱི་རྒྱབ་ཁུག་ནང་ནས་ཆོག་ལེ་ཀྲིའི་ཟས་སྣ་ཞིག་བླངས་ཤིང་ངེད་གཉིས་ཀྱིས་དེ་མུར་ཟོས་ནས་དབུགས་དབྱུང་བསྟེན།སྐབས་ཤིག་ངས་གཟབ་གཟབ་མ་བྱས་པར་ཆོག་ལེ་ཀྲིའི་ཟས་ཐུམ་འགྱིག་ཤོག་དེ་རླུང་གིས་འཁུར་སོང་ཁོང་དེ་མ་ཉིད་དུ་རྗེས་སུ་བརྒྱུགས་ཤིང་ཉེན་ཁ་དང་བཅས་འདམ་བག་འགོས་པའི་ཁུག་མ་སྟོང་བ་དེ་བཏུས་ནས་འོངས་ཏེ་ཡང་བསྐྱར་རང་གི་རྒྱབ་ཁུག་ཏུ་བཅུག་བྱུང་།ངས་ཡ་མཚན་པའི་ངང་ལ་རྒྱུ་མཚན་དྲིས་པ་ན་ཁོང་གིས་དབུགས་ཧལ་ཧལ་དུ་གཏོང་བཞིནའགྱིག་ཤོག་འདི་རིགས་གང་འདོད་དུ་དོར་ན་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཐེབས་འགྲོ་བ་དང་ལྷག་པར་དུ་དུད་འགྲོའི་ཁོག་པར་སོང་ན་དེའི་ཚེ་སྲོག་ཤོར་འགྲོ   ད་དུང་ཕྱི་གླིང་གི་མི་གཞན་པ་ཞིག་གལ་སྲིད་ལམ་ཁ་འདི་བརྒྱུད་ནས་འགྲོ་དུས་ཤིག་ལ་འགྱིག་ཤོག་གི་གད་སྙིགས་འདི་མཐོང་ཚེ་ཨ་རིའི་དངོས་པོ་ཞིག་ཡིན་པ་ཤེས་སྲིད་ལ།དེའི་ཚེ་ཨ་རི་བ་ཞིག་གིས་གཙང་སྦྲར་དོ་སྣང་མ་བྱས་པར་གང་བྱུང་དུ་གཡུགས་འདུག་ཨང་བསམས་ཚེ་དེ་ལས་ལྷག་པའི་ངོ་ཚ་མི་འདུགཅེས་གསུངས་སོང་།སྐད་ཆ་དེས་ང་རང་ཧ་ལས་སུ་བཅུག་པས་ད་བར་དུ་བརྗེད་རྒྱུ་མི་འདུག  རྗེས་སོར་ངེད་གཉིས་མེན་ཧུ་རྫོང་ཐོག་ཏུ་འབྱོར་བ་དང་ཁོང་གིས་འགྱིག་སྣོད་དེ་གྲོང་ཁྱེར་གྱི་སྙིགས་སྒམ་ནང་ལ་གཡུགས་སོང་།ཁོང་གི་བླ་ན་མེད་པའི་མི་གཞིའི་གཤིས་ཀ་བཟང་པོ་འདི་ལྟ་བུ་ཡང་མཐར་གཏུགས་ན་དཔེ་ཀློག་ལ་བརྟེན་ནས་སྐྱེད་བསྲིངས་བྱས་འོངས་པའི་ཡ་རབས་ཀུན་སྤྱོད་ཀྱི་ཚུར་སྣང་ཞིག་མིན་ཞེས་སུ་ཞིག་གིས་བཤད་སྤོབས།འདི་ནི་དཔེ་ཀློག་ལས་བྱུང་བའི་མི་གཞི་ལ་འབྲེལ་བ་ཡོད་པས་ཞོར་དུ་འཕྲོས་པ་ཡིན།ངས་འདི་ལྟར་སྐབས་རེར་གཏམ་བཤད་ཀྱི་ནང་དུ་ཕྱི་གླིང་བ་རེ་དྲུད་ནས་ཡོང་དོན་ཁོ་ཚོ་ཐམས་ཅད་མི་གཞི་ལེགས་པའི་དཔེ་ཆ་བ་རྐྱང་རྐྱང་ཡིན་པ་དང་།ང་ཚོ་བོད་ལ་དེ་འདྲ་མེད་ཟེར་བ་རྩ་བ་ནས་མིན།
ང་ཚོ་བོད་མི་རིགས་ལ་མཚོན་ན་ཡང་མི་ཚེ་དཔེ་ཀློག་ལ་བསྟིམས་པ་དང་ཐོས་བསམ་ཁ་ཕྱི་བལྟས་སུ་མ་སོང་བའི་སྐྱེས་ཆེན་དམ་པ་བརྩི་བརྩི་གྲངས་ཀྱིས་མི་ཟིན་པ་ཡོད།དཔེར་ན་རྗེ་ཙོང་ཁ་པ་ལྟ་བུར་མཚོན་ན།དགུང་ལོ་གསུམ་ནས་དགུང་ལོ་༦༢བར་ཏེ་སྐུ་གཤེགས་པའི་བར་དུ་སློབ་གཉེར་དང་དཔེ་ཀློག་རྐྱང་རྐྱང་གནང་འོངས་པ་རེད།མི་གཞིའི་ཐད་ནས་དེ་ལས་ཀྱང་བཤད་མ་དགོས་པ་ཞིག་སྟེ།ཐ་ན་ཁོང་གི་སྐུ་ཚེའི་སྨད་དུ་མཁས་བཙུན་བཟང་གསུམ་གྱི་མཚན་སྙན་འབར་བའི་སྒང་ལ།རྒྱ་ནག་གི་གོང་མ་ཆེན་པོ་གཡུང་ལོས་དབུ་བླར་གདན་དྲངས་ཀྱང་།དོན་ལ་རང་ཉིད་ཀྱི་སློབ་གཉེར་དང་དཔེ་གཟིགས་ལ་བར་ཆད་དུ་འགྲོ་བར་དོགས་ནས་མ་ཕེབས་པ་རེད།གནད་འདི་ལ་ཁྱེད་ཚོས་ཞིབ་ཏུ་སོམས་དང་བསམ་བློ་གཏོང་རྒྱུ་མང་པོ་ཡོད་པ་རེད།
ད་ནི་གོང་གི་གཏམ་རྒྱུད་དེའི་མཇུག་བསྐྱངས་ན།ཉིན་དེའི་དགུང་མོར་གྲོགས་པོ་ཀུ་རཱེ་ཐཱ་ཐོ་དང་ངེད་གཉིས་མེན་ཧུའི་མགྲོན་ཁང་དུ་ཞག་སྡོད་བྱས་ནས་ངལ་གསོ་དུསལམ་བར་དུ་ཆར་བས་བརླན་པས་རྐྱེན་བྱས་གློ་བུར་དུ་ཁོང་ལ་དྲོས་འཁྱག་བྱུང་སྟེ་ཚ་བ་རྒྱས་ནས་ཆམ་པ་ལྕི་མོ་ཞིག་ཕོག   སྤྱིར་ཡིན་ན་ཁོང་རང་མགྲོན་ཁང་དུ་བསླེབས་ནས་མ་གཉིད་གོང་དུས་ཚོད་གཉིས་གསུམ་རིང་དཔེ་ཀློག་བྱེད་པ་ནི་རྒྱུན་ལྡན་གྱི་གོམས་གཤིས་ཤིག་ཡིན་ནའང་།   དགུང་མོ་དེར་ཧ་ལམ་ཞག་གང་བོར་མ་གཉིད་པར་དཔེ་ཀློག་བསྟེན་སོང་།ངས་ཁོང་ལ་དེ་རིང་ལུས་པོ་མི་བདེ་ན་སྔ་མོ་ནས་ངལ་གསོས་ན་འགྲིག་ཅེས་བཤད་པར།ཁོང་གིས་རེད་ཡ།ལུས་པོ་མི་བདེ་བས་ཞག་གང་བོར་དཔེ་ཆར་བལྟ་རྒྱུ་ཡིན་ཟེརངས་ཐེ་ཚོམ་དང་བཅས་རྒྱུ་མཚན་དྲིས་པར།ཁོང་གིས་དགོད་བཞིན་དུ་དཔེ་ཀློག་གི་ནང་ལ་དབྱིངས་ཞུགས་ཚེ་ལུས་པོ་མི་བདེ་བ་བརྗེད་འགྲོ་ཟེར།ཁྱེད་ཚོས་ཤོད་དང་ ཁོང་དང་ཁོང་ལྟ་བུ་ནི་ངེས་པ་དོན་གྱི་དཔེ་ཀློག་བྱེད་མཁན་ཨེ་རེད།
གཅིག་བྱས་ན་རྗེས་ཕྱོགས་ཁྱེད་ཚོ་ཡང་གཅིག་ལས་གཅིག་ལྷག་གིས་དཔེ་ཆར་ལྟ་མཁན་ཏག་ཏག་འཁྱོངས་ན་ཐང་།དེའི་ཚེ་ཟ་མ་ཟ་བའི་ཅོང་བརྡ་གྲགས་འོངས་ནའང་ངའི་དཔེ་ཀློག་ལ་བར་ཆད་བཟོས་སོང་བསམས་ནས་འཚིག་པ་ཟ་ན་ཐང་།དེ་དུས་འཚིག་པ་མ་ཟ་བར་ཟ་མ་དུས་ལྟར་ཟ་རུ་སོངས་ཡ།  ༼ཀུ་རེ་ཡིན།༽
མཇུག་མཐར་ང་ཚོས་དེ་རིང་གི་གཏམ་བཤད་ཀྱི་མཐའ་སྡོམ་ལྟ་བུར་དཔེ་ཀློག་གི་ཐབས་ལམ་གྱི་སྐོར་ནས་ས་བཅད་མ་སྟོངས་ཙམ་བཤད།དུས་རབས་ཉེར་གཅིག་པའི་ནང་གི་སློབ་གཉེར་བ་ཞིག་ཡིན་ཕྱིན་དཔེ་ཀློག་བྱེད་པ་ལ་ཚན་རིག་དང་མཐུན་པའི་ཐབས་ལམ་བསྟེན་པ་གལ་ཆེ།སྤྱིར་ན་རྒྱལ་ཁབ་དང་མི་རིགས་སོ་སོའི་ཤེས་ཡོན་པ་རྣམས་ལ་མཚོན་ན་དཔེ་ཀློག་གི་ཐད་ནས་རང་རང་ལ་སྔོན་ཐོན་གྱི་ཐབས་ལམ་མི་འདྲ་བའི་ཆའང་སྣ་ཚོགས་ཤིག་ཡོད་སྲིད་མོད།ཐུན་མོང་གི་འགྲོ་སྟངས་ལྟ་བུ་ཞིག་ཀྱང་རང་བཞིན་གྱིས་ཆགས་ཡོད་པ་རེད།དེ་དག་དཀྱུས་གཅིག་ཏུ་བསྡུས་ན།
༡  མ་རྩོམ་ཞིབ་འབྲི་བྱེད་པ་དང་། ༢  རྟགས་མཆན་འདེབས་པ།  ༣  ཟིན་ཐོ་འགོད་པའདིའི་ནང་གསེས་སུ་དཔེ་ཀློག་མྱོང་ཚོར་ཀྱང་འདུ།གསུམ་དུ་བསྡུས་ཆོག
མ་རྩོམ་ཞིབ་འབྲི་བྱེད་པའི་ཐབས་ལམ་ནི་བོད་ལ་གནའ་སྔ་མོ་ནས་དར་ཡོད་པ་སྟེ།སྔོན་བྱོན་མེས་པོ་ཚོས་རྒྱལ་བའི་གསུང་རབ་དང་བསྟན་བཅོས་འབོར་ཆེན་ཞིབ་འབྲི་མཛད་ཡོད་པ་ད་ལྟའང་མཇལ་རྒྱུ་ཡོད་པ་རེད།སྤྱི་ལོ་དུས་རབས་བཅོ་བརྒྱད་པ་ཡས་མས་ཙམ་ལ་གཅན་ཚའི་སྔགས་པ་ཞིག་གིས་བཀའ་འགྱུར་ཚར་གཅིག་འབྲི་རྒྱུའི་ཐུགས་བསྐྱེད་མཛད་ཅིང་།རང་ལོ་ཉེར་ལྔའི་དུས་ནས་འབྲི་མགོ་བརྩམས་ཤིང་དགུང་ལོ་བདུན་ཅུ་ལྷག་ལ་སོན་སྐབས་གཞི་ནས་རྒྱལ་བའི་བཀའ་འགྱུར་ཚར་གཅིག་སྟེ་ལྡེབ་ངོས་ཁྲི་ཕྲག་བརྒྱད་ལ་ཉེ་བ་བྲིས་ཚར་བའི་ལོ་རྒྱུས་ཡོད་པ་རེད།ལུགས་སྲོལ་བཟང་པོ་དེ་བཞིན་དུ་གལ་སྲིད་ཁྱོད་ཚོས་ཀྱང་དབྱར་གནང་དང་དགུན་གནང་གི་སྐབས་སུ་དཔེ་དེབ་ལེགས་པོ་རེ་བཤུ་འབྲི་བྱེད་ཐུབ་ན་རང་བཞིན་གྱིས་དཔེ་ཀློག་ཙམ་ལས་ལྡབ་འགྱུར་གྱིས་ལྷག་པའི་ཕན་ནུས་ཐོན་ངེས་པ་བརྒྱ་ཆའི་བརྒྱ་ཡིན།དོན་ལ་མ་རྩོམ་ཞིབ་འབྲི་བྱེད་པ་དེ་ཡང་དཔེ་ཀློག་གི་ཐབས་ལམ་དམིགས་བསལ་བ་ཞིག་ཡིན་པར་བཤད་ཆོག་པས།གལ་སྲིད་དཔེ་དེབ་མཐུག་པོ་རེ་འབྲི་མི་ཐུབ་ཀྱང་སྐབས་ལན་རེར་རང་རང་གི་བསླབ་དེབ་ངོས་ཀྱི་༼ལེགས་བཤད་འཕྲུལ་གྱི་དྲ་བ༽དང་༼རི་བོ་གངས་ཅན་གྱི་མཛེས་ལྗོངས།༽༼ཤེས་རབ་དང་རྨོངས་པ།༽ལྟ་བུའི་སློབ་ཚན་གཙོ་གྲས་དག་གཟབ་ནན་གྱིས་འབྲི་སྦྱོང་བྱས་ཚེ་ཡིད་འཛིན་གྱི་ནུས་པ་བླ་ལྷག་ཏུ་བསྐྱེད་ཐུབ་པར་མ་ཟད།ཡིག་གཟུགས་ཇེ་ལེགས་སུ་འགྲོ་བ་ལ་ཡང་ཕན་ཐོགས་མངོན་གསལ་དུ་འབྱུང་ངེས་ཡིན།ཐ་ན་སྙན་ངག་གི་དཔེར་བརྗོད་དག་ཞིབ་འབྲི་བྱས་པའི་དབང་དུ་བཏང་ན་ཡང་རྒྱན་དེ་དང་དེའི་ངོས་འཛིན་ཐད་ལ་རམ་འདེགས་ཀྱི་ནུས་པ་མི་དམན་པ་ཐོན་སྲིད།ཡིད་མི་ཆེས་ན་ཁྱོད་ཚོས་སང་ཉིན་ནས་ཚོད་ལྟ་བྱོས་དང་ཤེས།
རྟགས་མཆན་འདེབས་པའི་ཐབས་ལམ་འདི་ཡང་རང་ཅག་གི་མེས་པོ་གོང་མ་ཚོས་སྔ་མོ་ནས་ལག་ལེན་དང་བེད་སྤྱོད་གནང་འོངས་པ་སྟེ།རྩ་བ་སེར་ལ་ས་བཅད་སྐེགས།།ལུང་གཞི་དམར་ལ་ལུང་ཁུངས་ལྗང་།།ཞེས་གསུངས་པ་ལྟར།དཔེ་ཀློག་ཁྲོད་གནད་ཡོད་བརྗོད་དོན་ག་ལ་རང་མོས་ཀྱིས་སྨྱུག་མདོག་སྣ་ཚོགས་བཀོལ་ནས་རྟགས་རྒྱག་པ་ནི་རྒྱལ་སྤྱིའི་དཔེ་ཀློག་གི་འགྲོ་སྲོལ་དང་མཐུན་ཞིང་རང་ཉིད་ལ་དྲན་གསོའི་ནུས་པ་མྱུར་སྟབས་སུ་བསྐྱེད་པའི་ཕན་འབྲས་མངོན་གསལ་ལྡན།དེའི་ཕྱིར་ང་ཚོས་ཀྱང་དཔེ་ཀློག་གི་བརྒྱུད་རིམ་ཁྲོད་དུ་འབྲེལ་ཡོད་བརྗོད་བྱའམ་མིང་བརྡ་གཙོ་བོ་དག་ལ་རྟགས་རྒྱག་པ་དང་མཆན་འདེབས་པར་མཐོང་ཆེན་བྱེད་དགོས།
ལྷག་པར་དུ་མཆན་འདེབས་པའི་སྲོལ་འདི་བོད་ལ་རྒྱུགས་ཆེ་བ་སྟེ།བུ་སྟོན་རིན་པོ་ཆེས་བཀའ་བསྟན་ཆ་ཚང་ལ་ཕྱག་མཆན་བཏབ་ཡོད་པར་གྲགས་པ་དང་།གཞན་ཡང་༼ལམ་རིམ་མཆན་བཞི་མ་༽དང་༼སྒྲ་མཆན་༽ལྟ་བུས་མཚོན་གཞུང་གི་པོ་ཏི་མི་ཉུང་བ་དག་ལ་མཆན་བཏབ་པ་ཤིན་ཏུ་མང་བས།སློབ་གྲོགས་ཚོས་ཀྱང་དཔེ་ཀློག་གི་ཁྲོད་ནས་མཆན་འདེབས་པའི་གོམས་གཤིས་སྐྱེད་བསྲིངས་དང་ལག་བསྟར་བྱེད་རྒྱུ་མ་བརྗེད་པ་གྱིས།མཆན་འདེབས་སྟངས་ལ་ཐད་ཀར་ལྡེབ་ངོས་སུ་འབྲི་བའམ་ཤོག་བུ་ཆུང་ངུའི་སྟེང་བྲིས་ནས་དེབ་ཀྱི་ཟུར་ལ་སྦྱོར་བ་སོགས་རང་ཉིད་ཀྱིས་གང་བདེར་བྱས་ཆོག    
དཔེ་ཆ་ཀློག་པའི་ཞོར་དུ་དཔེ་ཀློག་ཟིན་ཐོ་འབྲི་བ་ནི་ཆེས་གལ་ཆེ་བ་སྟེ།རྒྱ་རིགས་ཀྱི་ཁ་དཔེར་ཡིད་འཛིན་དགའ་ཞིག་ལསསྙུ་གུ་ཆག་པོ་ཞིག་དགའ།ཞེས་དང་།དཔེ་ཀློག་བྱེད་པ་ལ་ཁ་དང་མིག  ལག་པ་གསུམ་ངེས་པར་ཐོན་དགོས།ཞེས་ཟེར་སྲོལ་ཡོད་པ་ནང་བཞིན།བོད་རང་ལ་མཚོན་ན་ཡང་གནའ་སྔ་མོ་ནས་དཔེ་ཀློག་ཟིན་ཐོ་འབྲི་བའི་སྲོལ་དར་ཡོད་པ་སྟེ།དཔེར་ན།རྗེ་རིན་པོ་ཆེའི་༼རྒྱུད་རྡོ་རྗེ་རྩེ་མོའི་ཟིན་བྲིས་༽དང་།བླ་མ་མཚོ་ཁ་བའི་
༼བཀའ་འགྱུར་ཀློག་སྐབས་དྲན་གསོར་བྲིས་པ༽ལྟ་བུ་དང་།གཞན་ཡང་༼ལམ་རིམ་ཟིན་བྲིས༽སྣ་ཚོགས་ཡོད་པ་ལྟ་བུས་མཚོན་དཔེ་ཀློག་ཟིན་ཐོར་བཀོད་པ་ཤིན་ཏུ་མང་ངོ་།
      ཕྱི་གླིང་བའི་མཁས་པ་ཞིག་གིས་དཔེ་ཀློག་ཟིན་ཐོར་འགོད་པའི་གོམས་གཤིས་ཆགས་ཚེ་ཚན་རིག་ཞིབ་འཇུག་གི་གཤིས་ཀ་སྐྱེད་བསྲིངས་བྱེད་ཐུབ་ཅེས་ཀྱང་གསུངས་ཡོད་པ་རེད།དཔེར་ན།འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་དབྱིན་ཇིའི་རྩོམ་པ་པོ་ཞིག་གིས་འཇར་མན་གྱི་དམག་སྤྱི་༡༦༨གྱི་ལོ་རྒྱུས་ཟིན་ཐོར་བཀོད་པའི་དཔེ་དེབ་བརྩམས་ཏེ་འཛམ་གླིང་ཡོངས་ལ་གྲགས་འགུལ་ཐེབས་པའི་ཤུགས་རྐྱེན་བཞག་པ་ལྟ་བུ་རེད།དེ་བས་ཁྱོད་ཚོས་ཀྱང་སློབ་འབྲིང་སློབ་མའི་གནས་སྐབས་འདི་ནས་བརྩམས་ཏེ་དཔེ་ཀློག་ཟིན་ཐོ་འབྲི་བའི་གོམས་སྲོལ་ཆགས་སུ་འཇུག་དགོས་སོ།།
དཔེ་ཀློག་མྱོང་ཚོར་ནི་དཔེ་ཀློག་གི་ཆུ་ཚད་ངེས་ཅན་ཞིག་ལ་བསླེབས་ཤིང་ཤེས་ཡོན་གྱི་རྨང་གཞི་མཐོན་པོ་ཡོད་པའི་མིས་འབྲི་རྒྱུ་ཞིག་ཡིན་པས་རྗེས་ཕྱོགས་ཁྱོད་ཚོ་མ་མཐར་སློབ་གྲྭ་ཆེན་མོ་མཐར་ཕྱིན་རྗེས་ཀྱི་དཔེ་ཀློག་ཁྲོད་ལག་ལེན་ཏུ་བསྟར་ན་ལེགས་པས་སྐབས་འདིར་གླེང་བར་མི་བྱའོ།།
མཇུག་མཐར་དཔེ་ཆ་ཀློག་སྟངས་ཀྱི་སྐོར་ནས་ཅུང་ཙམ་གླེང་ཏེ་གཏམ་བཤད་ཀྱི་མཇུག་བསྒྲིལ་བ་ལ།
སྤྱིར་བཏང་¡¡ãདཔེ་ཆ་ཀློག་རྒྱུ་གལ་ཆེ་ལ།དེ་ལས་ཀྱང་ཀློག་ཤེས་རྒྱུ་གལ་ཆེ་¡¡Àཞེས་གསུངས་པ་ལྟར།དཔེ་ཆ་ཀློག་དུས་ངེས་ཀློག་དང་བདམས་ཀློག་གི་དབྱེ་བ་འབྱེད་ཤེས་དགོས་པ་དང་།དེ་ལ་ཡང་ཞིབ་ཀློག་དང་རགས་ཀློག  བམ་ཀློག  དཀར་ཆག་ཙམ་ཀློག་པ། མགོ་བརྗོད་ཙམ་ཀློག་པ། ཞབས་མཆན་ཙམ་ཀློག་པ་སོགས་ཀྱི་ཁྱད་པར་ཡོད་པའང་ཤེས་དགོས་སོ།།
གོང་ནས་ཉོག་བཤད་མང་པོ་ཞིག་བྱས་ཏེ་རྣམ་པ་ལྷན་རྒྱས་ལ་སུན་པོ་བཟོས་སོང་།ད་ནི་དུས་ཚོད་ཀྱི་དབང་གིས་བཤད་མཚམས་འདི་ནས་འཇོག
མཇུག་མཐར་རེ་བ་ཉག་གཅིག་ཞུ་རྒྱུ་ནི།ཁྱེད་རྣམ་པས་དེ་རིང་གི་སྤྱི་ཟླ་༤ཚེས་༢༣གྱི་རྒྱལ་སྤྱིའི་དཔེ་ཀློག་གི་ཉིན་མོ་འདི་བརྒྱུད་ནས་ལོ་གང་བོའི་ནང་གི་ཉི་མ་རེ་རེ་བཞིན་དཔེ་ཀློག་གི་ཉིན་མོ་ཞིག་ཏུ་རོལ་མྱོང་བྱེད་ཐུབ་པའི་སྨོན་འདུན་ཞུ།ཡང་ན་དེ་རིང་གི་ཉིན་མོ་འདི་དཔེ་བླུའི་ཉིན་མོ་ཞིག་ཏུ་རྒྱུན་འཁྱོངས་བྱེད་ཐུབ་པར་སྨོན།
微信图片_20190424135658.jpg
ཞོར་དུ་ཁྱེད་རྣམ་པར་མཚམས་སྦྱོར་ཞུ་བསམས་པ་ཞིག་ལ།ཏག་ཏག་དེ་རིང་གི་ཉིན་མོ་འདི་དང་བསྟུན་ནས།སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་རྒྱ་ཆེ་བའི་བོད་ཡིག་གི་ཀློག་པ་པོ་སྤྱི་ལ་དམིགས་ནས་དཔེ་ཆ་རྩ་ཆེན་མང་པོ་ཞིག་རིན་གོང་བརྒྱ་ཆའི་དྲུག་ཅུ་ཕབ་གཅོག་བྱས་ནས་ཕྱིར་འཚོང་བྱེད་བཞིན་ཡོད་པས།ཁྱེད་དགེ་སློབ་རྣམ་པས་ཀྱང་གོ་སྐབས་འདི་དམ་འཛིན་བྱས་ཏེ་བོད་ཡིག་གི་དཔེ་དེབ་མང་པོ་ཞིག་བླུ་ཉོ་བྱས་ན་འགྲིག་བསམས།བླུས་པ་ཙམ་དུ་མ་ཟད་རིམ་གྱིས་ཡོད་ཚད་ཀློག་ཐུབ་པའི་སྨོན་འདུན་ཞུ།དེ་གའི་འབྲེལ་གཏུགས་ཁ་པར་ནི།༡༨༧༠༢༨༡༡༧༡༡ཡང་ན་༡༧༨༨༢༢༦༧༤༤༡ཡིན།
                                                             བཀྲ་ཤིས་བདེ་ལེགས།
 
 
      

 

  • 青ICP备16000895号 (公安备案号)63232202000008 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།