སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

ཤད་སྦྱོར་ཚུལ།

སྤེལ་དུས། 2016-12-31 19:14:13    རྡེབ་ཚད།
མཉམ་སྤྱོད་གནས།
   

  བོད་ཡིག་གི་ཤད་ནི་རྣམ་པ་གསུམ་སྟེ།    སྦྲུལ་ཤད་དང་།   རིན་ཆེན་སྤུངས་ཤད་དང་།    ཕུར་ཤད་    །།     །།  །།དེ་གསུམ་མོ།  ཤད་དེ་དག་གི་བྱེད་ལས་ནི་མིང་དང་།  ཚིག་དང་། བརྗོད་པའི་བར་མཚམས་ཁྱད་པར་བ་འབྱེད་པའི་རྐྱེན་བྱེད་པའོ།  །དེའི་ཕྱིར་རྐྱེན་གྱི་ཡི་གེ་ཞེས་བྱའོ།   ཕུར་ཤད་    །།     །།  །།ལ་ཡང་ཆིག་ཤད་དང་།  ཉིས་ཤད་དང་། བཞི་ཤད་དེ་གསུམ་དུ་ཡོད་དོ།  ཅིའི་ཕྱིར་ཕུར་ཤད་ཅེས་བྱ་ཞེ་ན།  ཕུར་པའི་དབྱིབས་སུ་ཡོད་པས་ན་ཕུར་ཞེས་བྱའོ།  །དྲང་ཞིང་ཤར་མོར་ཡོད་པས་ན་ཤད་ཅེས་བྱའོ།  །དེ་ནི་དེ་ཡི་ངེས་པའི་ཚིག་གི་དོན་ཡིན་ནོ།   འདི་ཉིད་ཇི་ལྟར་སྦྱོར་བའི་ཚུལ་ལ་གསུམ་སྟེ།    གསུམ་གང་ཞེ་ན།   ཆིག་ཤད་སྦྱོར་བའི་ཚུལ་དང་།  ཉིས་ཤད་སྦྱོར་བའི་ཚུལ་དང་།  བཞི་ཤད་སྦྱོར་བའི་ཚུལ་སྟེ་གསུམ་མོ།  དང་པོ་ཆིག་ཤད་སྦྱོར་ཚུལ་ནི་འདི་ལྟ་སྟེ།    དཔེར་ན།  གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་།  འདུ་བྱེད་དང་།  རྣམ་པར་ཤེས་པ་སོགས་ནི་ཞེས་པ་ལྟ་བུ་ཚིག་ལྷུག་མའི་སྐབས་སུ་དོན་མང་པོའི་མིང་གི་བར་གྱི་འབྱེད་མཚམས་སུ་ཆིག་ཤད་སྦྱར་བར་བྱ་བ་དང་།དེ་བཞིན་དུ།  མེ་ཏོག་གི་མཛེས་པ་དང་།   སྒྲ་ཡི་སྙན་པ་དང་།   སྤོས་ཀྱི་དྲི་ཞིམ་པ་དང་།   བུ་རམ་གྱི་རོ་མངར་དང་།   དར་གོས་ཀྱི་རེག་བྱ་འཇམ་པ་བཅས་ནི།  འདོད་པའི་ཡོན་ཏན་ཡིན། ཞེས་པ་ལྟ་བུ་ཚིག་གི་བར་གྱི་འབྱེད་མཚམས་སུ་ཡང་ཆིག་ཤད་སྦྱར་བ་དང་།ཡང་དཔེར་ན། རྒྱུ་དང་རྐྱེན་གྱིས་མངོན་པར་འདུ་བྱས་པའི་འདུས་བྱས་ཐམས་ཅད་ནི་མི་རྟག་པ་དང་།  ལས་དང་ཉོན་མོངས་པའི་ཟག་པ་དང་བཅས་པ་ཐམས་ཅད་ནི་སྡུག་བསྔལ་བ་དང་།  སྐྱེ་མཆེད་བཅུ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ནི་སྟོང་ཞིང་བདག་མེད་པ་དང་།  འཁོར་བའི་མྱ་ངན་ཐམས་ཅད་ལས་འདས་པའི་གོ་འཕང་ནི་ཞི་བ་དང་བདེ་བ་མཐར་ཐུག་པ་ཡིན།    ཞེས་པ་ལྟ་བུ་བརྗོད་པའི་བར་གྱི་འབྱེད་མཚམས་སུ་ཡང་ཆིག་ཤད་སྦྱར་བར་བྱའོ། །ཡང་དཔེར་ན།  མདོ་ལས། ཆོས་ཀྱི་རྒྱ་མཚོར་ཞུགས་པའི་ཡོན་ཏན་ཕྱུག །རྣམ་འཕྲུལ་བསམ་ཡས་ཅི་ཕྱིར་སྟོན་མི་བྱེད། །ཅེས་པ་ལྟ་བུ་ཚིགས་སུ་བཅད་པའི་རྐང་བའི་མཐར་ག་ཡིག་དང་།  ཀ་ཡིག་དང་།  ཤ་ཡིག་ལྟ་བུ་ཕྱི་རྐང་ཅན་གྱི་ཡི་གེའི་རྐང་བ་དྲང་པོར་བྱུང་བ་དག་ལ་ཡང་ཆིག་ཤད་སྦྱར་བར་བྱའོ།   རྒྱུ་མཚན་ནི།   ཚིགས་བཅད་ཀྱི་སྐབས་སུ་ཕྱི་རྐང་ཅན་གྱི་ཡི་གེའི་རྐང་བ་དྲང་པོར་བྱུང་བ་དེ་ཉིད་ཀྱིས་ཤད་གཅིག་གི་གོ་ཡོངས་སུ་ཆོད་པ་ཡིན་ནོ།  

གཉིས་པ་ཉིས་ཤད་སྦྱོར་ཚུལ་ནི་འདི་ལྟ་སྟེ།   དཔེར་ན། འདུས་བྱས་ཐམས་ཅད་ནི་མི་རྟག་པའོ།  །ཟག་བཅས་ཐམས་ཅད་ནི་སྡུག་བསྔལ་བའོ། །ཆོས་ཐམས་ཅད་ནི་སྟོང་ཞིང་བདག་མེད་པའོ།  །མྱ་ངན་ལས་འདས་པ་ནི་ཞི་བའོ།  །ཞེས་པ་ལྟ་བུ་རྫོགས་ཚིག་མཐའ་ཅན་གྱི་ཚིག་ལྷུག་པའི་བར་གྱི་འབྱེད་མཚམས་སུ་ཉིས་ཤད་སྦྱར་བར་བྱའོ།   །དེ་བཞིན་དུ།  དུས་ཀྱིས་ཉེན་ཏེ་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་བཤེས་རྣམས་རྗེས་མི་འབྲངས།  །སྐྱེས་བུ་དག་ནི་གང་ནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲངས།  །ཞེས་པ་ལྟ་བུ་སྤྱིར་བཏང་ལ་ཚིགས་སུ་བཅད་པའི་རྐང་བའི་མཐར་ཉིས་ཤད་འཐོབ་པ་ཡིན་ནོ། །དམིགས་བསལ་ཆིག་ཤད་ཐོབ་པ་ནི་གོང་དུ་བསྟན་པ་བཞིན་ཡིན་ནོ།  

གསུམ་པ་བཞི་ཤད་སྦྱོར་ཚུལ་ནི་འདི་ལྟ་སྟེ།   དཔེར་ན། ཤེས་རབ་སྙིང་པོའི་མདོ་རྫོགས་སོ།། ༈།།ལྟ་བུ་དོན་ཚན་ཆེན་མོ་རྫོགས་པའི་མཚམས་སུ་བཞི་ཤད་དང་།  ཚད་མ་གྲུབ་པའི་ལེའུ་སྟེ་དང་པོའོ།། ༈ །།ལྟ་བུ་ལེའུ་རྫོགས་པའི་མཚམས་སུ་ཡང་བཞི་ཤད་སྦྱར་དགོས་པ་ཡིན་ནོ།   ཅིའི་ཕྱིར་རིན་ཆེན་སྤུང་ཤད་ཅེས་བྱ་ཞེ་ན།  མགོ་བོ་རིན་ཆེན་སྤུང་བ་ལྟ་བུར་ཡོད་པ་དང་། རྐང་བ་དྲང་ཞིང་ཤར་མོར་ཡོད་པས་ན་རིན་ཆེན་སྤུང་ཤད་ཅེས་བྱའོ།  །དེ་ནི་ཡིག་འཕྲེང་གོང་མའི་ནང་གི་ཡིག་འབྲུ་གཅིག་གམ་ཚིག་ཁྱིམ་གཅིག་འཕྲེང་འོག་མའི་ཡིག་མགོར་ཐོན་ཚེ་ཡིག་འབྲུ་དེ་ཚུགས་ཐུབ་ཆེད་དུ་ཕུར་ཤད་ཀྱི་ཚབ་ཏུ་སྦྱར་རིགས་པ་ཡིན་ནོ།  ཅིའི་ཕྱིར་སྦྲུལ་ཤད་ཅེས་བྱ་ཞེ་ན།  མགོ་བོ་སྦྲུལ་གདེང་བ་ལྟ་བུར་ཡོད་པ་དང་།  རྐང་བ་དྲང་ཞིང་ཤར་མོར་ཡོད་པས་ན་སྦྲུལ་ཤད་ཅེས་བྱའོ།  །དེ་ནི་དོན་ཚན་ཆེ་ཁག་རྫོགས་པའི་བཞི་ཤད་དང་ཉིས་ཤད་ཀྱི་བར་དུ་ཅི་རིགས་པར་སྦྱར་ན་རུང་བ་གོང་གི་དཔེར་བརྗོད་པ་བཞིན་ཡིན་ནོ།  འོ་ན་ཕྱི་རྐང་ཅན་གྱི་ཡི་གེ་ལ་དབྱངས་དང་མགོ་འདོགས་སོགས་ཡོད་ན་ཕྱི་རྐང་དེས་ཤད་གོ་ཆོད་དམ་མི་ཆོད་ཅེ་ན།  སྐ། གླ། ཤྭ།ལྟ་བུ་མགོ་འདོགས་ཅན་གྱི་རྐང་བས་ཤད་གོ་མི་ཆོད་པ་དང་།  གུ། ལྟ་བུ་དབྱངས་ཨུ་ཅན་གྱི་རྐང་བས་ཀྱང་ཤད་གོ་མི་ཆོད་པ་ལ་ཀུན་བཞེད་པ་དང་ལག་ལེན་མཐུན་པ་ཡིན་ནོ།   ཡིན་ན་ཡང་གོ། ཀི།  ཤེ།   ལྟ་བུ་དབྱངས་ཨི་ཨེ་ཨོ་ཅན་གྱི་ཕྱི་རྐང་དེས་ཤད་གོ་ཆོད་པར་བྱེད་མཁན་གྱི་ཡིག་འབྲི་བ་དང་རྩོམ་སྒྲིག་པ་མང་དུ་འདུག་མོད།  དེ་དག་ནི་རྣམ་པར་མ་བརྟགས་པར་ཡི་གེ་འབྲི་བ་དང་རྩོམ་སྒྲིག་པའི་ལས་སུ་ཞུགས་པ་ཞེས་བྱའོ།  ཡང་དག་པར་ན་དེས་ཤད་གོ་མི་ཆོད་པ་སྡེ་དགེའི་བཀའ་བསྟན་གྱི་ལུགས་ཡིན་ཏེ།  དཔེར་ན།  སྡེ་དགེའི་བཀའ་འགྱུར་གྱི་ཚིགས་བཅད་སྐབས་སུ།   ཡོན་ཏན་ཕ་རོལ་ཕྱིན་པ་དེ་དག་གི།   །ཡོན་ཏན་ཀུན་བཤད་ཐམས་ཅད་ང་ལས་ཉོན།  །ཞེས་པ་དང་།   རྒྱལ་བས་གསུངས་པའི་ཆོས་འདི་འཛིན་བྱེད་ན།  །དེ་ཡི་བསོད་ནམས་དེ་ནི་ཆེས་མཆོག་གོ།   །ཞེས་ཕྱི་རྐང་དེས་ཤད་གོ་མི་ཆོད་པར་བྱས་ཏེ་ཉིས་ཤད་སྦྱར་འདུག་གོ།  ཚིག་ལྷུག་མའི་སྐབས་སུ་ཡང་དཔེར་ན།  སྡེ་དགེའི་བཀའ་འགྱུར་ལས།  རྣམ་པར་མི་རྟོག་པས་ཉོན་མོངས་པ་མི་འགོག་གོ།   །དེ་ལྟར། ཞེས་དང་།  བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ།  །བཅོམ་ལྡན་འདས་ཀྱིས་དེ་ལ།  ཞེས་དབྱངས་ཨོ་ཅན་གྱི་ཕྱི་རྐང་དེས་ཤད་གོ་མི་ཆོད་པར་བྱས་ཏེ་ཉིས་ཤད་སྦྱར་འདུག་གོ།  དེར་མ་ཟད་ཚིག་ལྷུག་མའི་སྐབས་སུ་ནི་དབྱངས་དང་མགོ་འདོགས་སོགས་མེད་ཀྱང་ཕྱི་རྐང་དེས་ཤད་གོ་གཏན་མི་ཆོད་པ་ཡིན་ཏེ།  དཔེར་ན།   སྡེ་དགེའི་བཀའ་འགྱུར་ལས།  རྗེས་སུ་ཡི་རང་བ་རྗོད་ཅིག   །དེ་ནས་ཞེས་པ་ལྟ་བུ་དང་།   རྒྱལ་པོར་གྱུར་ཅིག   །དེས་སྨྲས་པ་ཞེས་པ་ལྟ་བུ་དང་།  ཞོལ་བཀའ་འགྱུར་ལས།  སེམས་ཅན་ལྟ་ཞོག །སྤྱི་ཕུད་ཀྱི་འཇིག་རྟེན་ཞེས་པ་དང་། ཀོོ་ཤི་ཀ    །གཞན་ཡང་རིགས་ཀྱི་བུ་དང་ཞེས་པ་ལྟ་བུ་སྣར་ཐང་དང་སྡེ་དགེ་ཞོལ་པར་ཁང་གསུམ་ཆར་གྱི་བཀའ་བསྟན་ལས་ཕྱི་རྐང་དེ་ཤད་ལ་མ་བརྩིས་པར་ཆིག་ཤད་སྦྱར་ནས་ཡོད་དོ།  འདི་དག་ནི་སྔོན་གྱི་པར་ཁང་ཆེན་མོའི་ཚད་ལྡན་གྱི་རྩོམ་སྒྲིག་པ་རྣམས་ཀྱི་ལག་ལེན་ཡིན་པས་ཁུངས་སུ་ཆེ་བ་དང་།  དེང་གི་རྩིས་འཕྲུལ་ལས་ཀྱང་སྒྲིག་སྦྱོར་སོགས་ལ་སྟབས་བདེ་བ་ཡིན་ནོ།    དེས་བས་ན་རྩོམ་པ་པོ་བུ་ཕོ་དང་བུ་མོ་དང་།  རྩོམ་སྒྲིག་པ་བུ་ཕོ་དང་བུ་མོ་རྣམས་ཀྱིས་འདི་ཉིད་ཁོ་ན་ལག་ཏུ་ལེན་པ་ལ་རབ་ཏུ་བརྩོན་པར་བྱའོ།   གཞན་ཡང་སྣང་ཐང་པར་མ་ལས།  སེམས་ཅན་ལྟ་ཞོག།   སྤྱི་ཕུད་ཀྱི་འཇིག་རྟེན་ཞེས་པ་ལྟ་བུ་ཤད་དེ་ག་ཡི་མཐར་བཅར་བའི་ཚུལ་དུ་བཞག་པ་དང་།  སྡེ་དགེའི་པར་མ་ལས།   རྒྱལ་པོར་གྱུར་ཅིག     །དེས་སྨྲས་པ་ཞེས་པ་ལྟ་བུ་ཤད་དེ་ག་དང་བར་བསྐྱེད་དེ་ཡི་གེ་ཕྱི་མའི་མགོར་བཞག་པ་དང་།   ཞོལ་པར་མ་ལས།   སེམས་ཅན་ལྟ་ཞོག     སྤྱི་ཕུད་ཀྱི་ཞེས་པ་ལྟ་བུ་ག་དང་བར་ཅུང་ཟད་བསྐྱེད་དེ་ཤད་བཞག་དེ་ནས་ཡང་བར་ཅུང་ཟད་བསྐྱེད་དེ་ཡི་གེ་ཕྱི་མ་བཀོད་པ་མང་བར་སྣང་ངོ་།  །འཇོག་ཚུལ་དེ་གསུམ་ལས་མིག་ལ་མཛེས་པ་དང་རྩིས་འཕྲུལ་ལས་སྒྲིག་སྦྱོར་སྟབས་བདེ་བ་ནི་སྡེ་དགེའི་པར་མའི་ལུགས་དེ་ཡིན་པས་དེའི་ལུགས་ལྟར་བྱའོ། 

 

 

 

  • 青ICP备16000895号 (公安备案号)63232202000008 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།