སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

སློབ་མའི་རྩོམ་འབྲིའི་ནུས་པ་སྐྱེད་སྲིང་ཇི་ལྟར་བྱེད་དགོས་སམ།

སྤེལ་དུས། 2016-11-28 18:48:44    རྡེབ་ཚད།
མཉམ་སྤྱོད་གནས།
   

 དེང་གི་ཆར་རྩོམ་འབྲིའི་ནུས་པ་ནི་མ་གཞི་སྐྱེ་བོ་ཞིག་གི་མེད་དུ་མི་རུང་བའི་རྩལ་ནུས་ཤིག་མིན་ན་ཡང་། འཚོ་བའི་ནང་སྤྱོད་ཡུལ་ཇེ་མང་དང་། དགོས་གལ་ཇེ་ཆེར་འགྲོ་བཞིན་ཡོད་པ་ནི་ཀུན་གྱི་མཐོང་ཐོས་སུ་གྱུར། ཚང་མས་མཁྱེན་གསལ་ལྟར། ནམ་ཞག་རྒྱུན་དུ་གལ་ཏེ་རྩོམ་འབྲིའི་ནུས་པ་ཞན་པ་ན། རང་གི་ནངབསམ་པའི་འགྱུར་བ་ཡིག་ཐོག་ཏུ་ཕབ་མི་ཤེས་པ་དང་། ཕབ་ཤེས་ཀྱང་ཚིག་སྦྱོར་མི་བདེ་བའམ་ཡང་ན་ནང་དོན་འབུར་དུ་འདོན་མི་ཤེས་པའི་དཀའ་ངལ་འཕྲད་བཞིན་ཡོད། དཀའ་ངལ་དེ་དག་ལས་ཟློག་པའི་ཐབས་མཆོག་ནི་རྩོམ་ཡིག་འབྲི་ཤེས་པ་བྱ་རྒྱུ་དེ་རེད། འདི་ནི་གཅིག་ནས་དུས་རབས་ཀྱི་དགོས་མཁོ་ཞིག་རེད་ལ། གཉིས་ནས་སློབ་ཁྲིད་ཀྱི་བླང་བྱའང་རེད། དེར་བརྟེན་ང་ཚོ་དགེ་རྒན་གྱིས་དུས་དང་རྣམ་པ་ཀུན་ཏུ་སློབ་མར་ནུས་པ་སྐྱེད་སྲིང་བྱེད་རྒྱུ་དེ་སློབ་ཁྲིད་ཀྱི་གནས་བབ་གལ་ཆེན་ཐོག་བཞག་ཁར། སློབ་ཁྲིད་ཀྱི་ལས་སྒོའི་ནང་ལག་ལེན་བསྟར་དགོས། གཤམ་ལ་ཁོ་མོས་སློབ་མའི་རྩོམ་འབྲིའི་ནུས་པ་སྐྱེད་སྲིད་བྱེད་པའི་ཐད་རང་ཉིད་ཀྱི་འདོད་ཚུལ་ཙམ་སྨྲ་བར་བྱ་རྒྱུ་ཡིན་པས། རྣམ་དཔྱོད་ཡངས་པའི་མཁས་དབང་དང་། ལས་རོགས་དང་བཅས་པས་བཀའ་སྐྱོན་དང་དགོངས་འཆར་ལྷུག་སྩོལ་གནང་རོགས།

གཅིག བརྗོད་པ་བཟོ་རྒྱུ་ནས་འགོ་འཛུགས་དགོས།

སློབ་མ་རྣམས་སློབ་གྲྭར་འགྲོ་སྐབས། ལོ་རིམ་མི་འདྲ་བར་བལྟོས་ནས་རྩོམ་འབྲིའི་རེ་བ་དང་ནང་དོན། ཚད་གཞི་སོགས་འདྲ་ཡི་མེད། དེ་ཡང་བརྗོད་པ་བཟོ་རྒྱུ་དེ་རྩོམ་ཡིག་འབྲི་བའི་ཆེས་རྩ་བར་གྱུར་པའི་རྨང་གཞི་ཡིན་པས། ཚང་མས་བརྗོད་པ་བཟོ་རྒྱུ་ནས་འགོ་འཛུགས་ཏེ་རྩོམ་ཡིག་འབྲི་སྟངས་སྦྱོང་བའི་ལམ་དུ་ཞུགས་དགོས། བརྗོད་པ་བཟོ་རྒྱུ་ནི་མ་གཞི་སྟབས་བདེ་ཙམ་ཡིན་མོད། འོན་ཀྱང་འདི་ནི་རྩོམ་ཡིག་འབྲི་བའི་རྨང་གཞི་རང་ཡིན་པས། ཐོག་ཁང་མཁར་བསྙེགས་ཡིན་ཀྱང་། ས་གཞིའི་སྟེང་ནས་བཞེངས་དགོས་ཞེས་པ་ལྟར་བརྗོད་པ་བཟོ་བའི་རྨང་གཞི་འདི་ལེགས་པར་འདིང་དགོས། རྨང་གཞི་འདི་ལེགས་པར་འདིང་ཐུབ་ན། རྗེས་སུ་དུམ་བུ་དང་རྩོམ་ཐུང་སོགས་སྦྱོང་བརྡར་གཏོང་བདེ་པོ་ཡོང་ངོ་།

གཉིས། སློབ་མས་འདྲིས་ཆེ་བའི་བྱ་དངོས་ནས་རྩོམ་ཡིག་གི་བརྗོད་བྱ་འདེམས་དགོས།

སློབ་མ་སུ་ཞིག་གིས་ཀྱང་རྩོམ་ཡིག་འབྲི་བའི་ལམ་དུ་ཐོག་མར་འཇུག་དུས། ནང་དོན་ལེགས་ཤིང་ཚིག་སྦྱོར་བདེ་བའི་རྩོམ་ཡིག་ཅིག་འབྲི་ག་ལ་ཐུབ། དེར་བརྟེན་ཐོག་མར་དགེ་རྒན་གྱིས་སློབ་མ་ཚོས་ཆེས་རྒྱུས་མངའ་ཆེ་བའི་མི་སྣ་དང་། ཉེ་འཁོར་དུ་རྒྱུན་དུ་མཐོང་རྒྱུ་ཡོད་པའི་བྱ་དངོས་སོགས་བདམས་ནས་ཇི་ལྟར་འབྲི་དགོས་མིན་འགྲེལ་པ་རྒྱག་དགོས། དཔེར་ན། ངའི་པཱ་ལགསདང་། ངའི་ཨ་མ་ལགས” “ངའི་དགའ་ཤོས་ཀྱི་དངོས་པོ” “བརྗེད་པར་དཀའ་བའི་བྱ་བ་ཆུང་ངུ་ཞིགལ་སོགས་ཀྱི་ཁ་བྱང་འདེམས་སྐབས། དགེ་རྒན་གྱིས་མི་སྣའི་ཕྱིའི་རྣམ་པ་ཇི་ལྟར་འབྲི་དགོས་མིན་དང་དངོས་པོ་ངོ་སྤྲོད་ཇི་ལྟར་བྱ་དགོས་མིན་སོགས་གོ་རིམ་དང་མཚོན་སྟངས་ཁ་གསལ་གོ་བདེའི་ལམ་ནས་ངོ་སྤྲོད་བྱས་ཙ་ན། སློབ་མས་དེ་དག་ལ་རྒྱུས་མངའ་འམ་གོམས་འདྲིས་ཆེ་བའི་དབང་གིས་འབྲི་ཤེས་ལ། འབྲི་དུས་ལས་སླ་བ་སོགས་ཡོང་གི་ཡོད། དེ་ལྟར་ན། འཚོ་བའི་ནང་གི་དངོས་དངོས་རྗེན་རྗེན་གྱི་རྒྱུ་ཆ་དེ་དག་རྩོམ་ཡིག་གི་བརྗོད་བྱར་བཟུང་ན། སློབ་མའི་ཕྱི་རོལ་ཡུལ་གྱི་བྱ་དངོས་ལ་ལྟ་ཞིབ་བྱེད་པའི་ནུས་པ་ཆེ་རུ་འགྲོ་ངེས་ལ། རྩོམ་པའི་ཡོན་ཏན་འབྲི་བ་ཡིན། འབྲི་བཞིན་འབྲི་བཞིན་ལེགས་སུ་འགྲོ་ཞེས་པ་ལྟར་རྩོམ་ཡིག་འབྲི་བའི་བརྒྱུད་རིམ་ནང་། རྩོམ་འབྲིའི་ནུས་པའང་གོང་མཐོར་འགྲོ་སྲིད། དེར་མ་ཟད། རྩོམ་ཡིག་མང་པོ་བྲིས་པའི་རྐྱེན་གྱིས། ཉམས་མྱོང་ཐོབ་པའི་ཁར། བསམ་བློ་གསར་པ་དང་། ལྟ་བ་གསར་པ་རྙེད་ནས་རྩོམ་རྩལ་ཇེ་ཡག་ཏུ་ཕྱིན་པ་དང་སྦྲགས། འབྲི་འདོད་ཀྱི་མོས་པ་ཡང་རིམ་བཞིན་འཕེལ་ཐུབ།

གསུམ། སློབ་མར་དཔེ་དེབ་མང་ཙམ་འོས་སྦྱོར་བྱེད་དགོས།

སློབ་མར་འཚོ་བ་དངོས་ལ་ལྟ་ཞིབ་མང་ཙམ་བྱེད་འཇུག་དགོས་པ་མ་ཟད། དཔེ་དེབ་བརྒྱུད་དེ་སྤྱི་ཚོགས་འཚོ་བར་ཉམས་ཞིབ་དང་རྒྱུས་མངའ་གང་ཟབ་ཡོང་བ་བྱེད་དགོས། རང་རེ་ལྗོངས་འདིར་སྔ་རྗེས་སུ་རྩོམ་པ་པོ་མང་པོ་ཐོན་ཞིང་། ཁོང་རྣམ་པས་ངེད་ཅག་ལ་རི་བོའི་གཏོས་ལྟར་གྱི་བརྩམས་ཆོས་གྲགས་ཅན་མང་པོ་བཞག་ཡོད། དེས་ན་ང་ཚོ་དགེ་རྒན་ཚོས་སློབ་མར་བརྩམས་ཆོས་གྲགས་ཅན་ཏེ། རྩོམ་ཡིག་འབྲི་བར་མཁོ་བའི་བརྩམས་ཆོས་སམ་དཔེ་དེབ་ངོ་སྤྲོད་བྱས་ནས། སློབ་མ་ཚོར་གང་མང་ལྟ་དགོས་པའི་སྐུལ་མ་གཏོང་དགོས། གང་ཡིན་ཟེར་ན། དཔེ་དེབ་སྣ་ཚོགས་བལྟས་པ་བརྒྱུད། ལྟ་རྒྱ་ཐོས་རྒྱ་ཡངས་སུ་འགྲོ་བ་མ་ཟད། སྐད་ཡིག་གི་རྨང་གཞི་དང་། རྩོམ་འབྲིའི་རྨང་གཞི་ཡང་ལེགས་སུ་འགྲོ་བཞིན་ཡོད། དེ་ལྟར་ཡིན་པའི་དབང་གིས་རླབས་ཆེན་གྱི་རྩོམ་པ་པོ་ཀོར་ཅིས་དཔེ་དེབ་ནི་ཤེས་ཡོན་གྱི་འབྱུང་ཁུངས་ཡིན་པར་གཟིགས་ནས་དགུང་ལོ་ལྔ་བཅུར་ཕེབས་སྐབས་ཀྱང་འཛམ་གླིང་ཐོག་སྐད་གྲགས་ལྡན་པའི་བརྩམས་ཆོས་ལ་དུས་ཚོད་དམ་འཛིན་བྱས་ནས་གཟིགས་བཞིན་ཡོད་དོ།

བཞི། སློབ་མའི་རྩོམ་ཡིག་ལ་བཟོ་བཅོས་མང་ཙམ་རྒྱག་དགོས།

དེ་ཡང་ཇི་སྐད་དུ་རྩོམ་ཡིག་ལེགས་པོ་ནི་བཟོ་བཅོས་བརྒྱབ་པ་ལས་བྱུང་བ་ཡིན་གྱི། བྲིས་ནས་བྱུང་བ་མིན་ཞེས་པ་ལྟར་རྩོམ་ཡིག་བྲིས་ཟིན་རྗེས་བཟོ་བཅོས་རྒྱག་རྒྱུ་དེའང་རྩོམ་འབྲིའི་ནུས་པ་ལེགས་སུ་གཏོང་བའི་གལ་ཆེའི་བརྒྱུད་རིམ་ཞིག་རེད། གནའ་དེང་ཀྲུང་ཕྱིར་རྩོམ་ཡིག་ལེགས་གྲས་མང་པོ་ཞིག་བཟོ་བཅོས་ཐེངས་མང་བརྒྱབ་པ་ལས་བྱུང་བའི་དཔེ་མང་པོ་ཡོད། དེས་ན། སློབ་མ་རྣམས་ཀྱིས་ནང་དོན་དང་རིགས་མི་འདྲ་བའི་རྩོམ་ཡིག་གང་ཞིག་བྲིས་ཚར་རྗེས། ཐོག་མར་སློབ་མ་རང་གིས་སོ་སོའི་རྩོམ་ཡིག་བཟོ་བཅོས་རྒྱག་ཏུ་འཇུག་དགོས་པ་དང་། དེ་ནས་ང་ཚོ་དགེ་རྒན་གྱིས་ཕྱོགས་ཡོངས་ནས་བཟོ་བཅོས་རྒྱག་དགོས་ལ། སློབ་མའི་རྨང་གཞི་ཡག་ཉེས་ལ་མ་བལྟོས་པར་ཚང་མའི་ཚིག་སྦྱོར་དང་། རྩོམ་ཡིག་གི་སྒྲིག་གཞི། གོ་རིམ་སྒྲིག་སྟངས། བརྗོད་བྱ་འདེམས་སྟངས་སོགས་ཚང་མར་བཟོབཅོས་རྒྱག་དགོས་ཤིང་། ཕྲད་དང་དག་ཆ་སོགས་ལའང་སྣང་ཆུང་བྱ་རྒྱུ་མེད། ད་དུང་དོ་སྣང་བྱེད་དགོས་པ་ཞིག་ལ། དགེ་རྒན་གྱིས་སློབ་མའི་རྩོམ་ཡིག་གི་སྐྱོན་ཆ་འདོན་པ་མ་ཟད། ལེགས་ཆ་དེ་དག་ཀྱང་མ་ལུས་པར་བརྗོད་ན། སློབ་མ་རྣམས་མུ་མཐུད་རྩོམ་ཡིག་འབྲི་རྒྱུར་དགའ་ཞེན་དང་སྐུལ་མ་ཐེབས་ངེས་ཡིན། མདོར་ན། སློབ་མར་རྩོམ་ཡིག་མང་ཙམ་འབྲི་རུ་བཅུག་ནས་སྦྱོང་བརྡར་མང་ཙམ་བྱས་ན། གཅིག་ནས་སློབ་མའི་སུམ་རྟགས་དག་གསུམ་ཁ་ཙམ་དང་གཞུང་ལུགས་ཙམ་མ་ཡིན་པར་ལག་ལེན་དངོས་ནང་རྒྱུན་འཛིན་ཐུབ་པ་དང་། གཉིས་ནས་སློབ་མའི་བསམ་གཞིག་ནུས་པ་དང་དབྱེ་ཞིབ་ནུས་པ་སོགས་གོང་མཐོར་གཏོང་ཐུབ་པ། གསུམ་ནས་རྩོམ་ཡིག་སྦྱོང་བརྡར་བྱས་རྗེས། ཕྱིས་སུ་རང་གི་སྨྱུག་རྩལ་ལ་བརྟེན་ནས་རང་མི་རིགས་དང་རང་གི་རྒྱལ་ཁབ་ལ་ཞབས་འདེགས་ཞུ་ཐུབ་པས་དགེ་སློབ་ཚང་མས་རྩོམ་འབྲིའི་ནུས་པ་གོང་མཐོར་གཏོང་རྒྱུའི་ཐད་དོ་སྣང་བྱ་རྒྱུ་དེ་ཧ་ཅང་གལ་ཆེ་བར་སྣང་ངོ་། 

  • 青ICP备16000895号 (公安备案号)63232202000008 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།