སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

གནས་མཆོག་གཅན་ཚ།(སློབ་མའི་སྦྱངས་རྩོམ)5

སྤེལ་དུས། 2018-09-27 10:59:28    རྡེབ་ཚད།
མཉམ་སྤྱོད་གནས།
   
                                                             གནས་མཆོག་གཅན་ཚ།
ལྔ་གསུམ་འཛིན་གྲྭ།    ལྷ་མོ་སྒྲོལ་མ།
ཕ་ཡུལ་ནི་མི་ཞིག་གི་སེམས་ལ་ཉར་བའི་ཡིད་འོང་གི་ཞིང་ཁམས་ཐོག་མ་དེ་ཡིན་སྲིད། ཚེ་སྲོག་ཤིག་དར་བ་ནས་རྒུད་པའི་གོ་རིམ་ཧྲིལ་བོར་ཕ་ཡུལ་ཞེས་པའི་གཟུགས་མེད་ཀྱི་འཆིང་ཐག་ཅིག་གིས་དམ་པོར་བཅིངས་ཡོད་ཅིང་། ཁེར་རྐྱང་གི་རྣམ་ཤེས་རེ་རེ་དལ་འབྱོར་གྱི་ལུས་པོར་བརྟེན་ནས་ཡུལ་གང་ལ་འཁྱམས་ནའང་། ཕ་ཡུལ་ཞེས་པ་རྟག་ཏུ་དྲན་གྱིན་ཡོད་ཅིང་། གཏན་དུ་བརྗེད་མི་སྲིད་པ་འདྲ།
ཨ་མྱེས་སྲིན་པོའི་འདབས་རོལ་ན་གནས་ཅིང་། མདའ་མོ་གཡང་རྫོང་ཞེས་སྙན་པའི་གྲགས་པ་ས་སྟེང་ཁྱབ་པའི་མདོ་སྨད་གཅན་ཚ་ཟེར་བ་ནི་ངའི་ལྟེ་ཁྲག་འཕོ་ས་དང་འཚར་ལོངས་འབྱུང་ས་ཡིན། ཆུང་དུས་སུ། ཕ་ཡུལ་ནི་ངེད་ཚང་གི་ཤིང་ཁང་གྲུ་བཞི་དང་ཤིང་ཁང་གནས་སའི་ལུང་པ་དེ་ཡིན་སྙམ། དེ་དུས་ཕ་ཡུལ་ཆུང་དྲགས་པར་སྣང་ཞིང་ལུང་པའི་ཕ་རོལ་ཏུ་འགྲོ་བར་རེ་སྒུག་གྲངས་མེད་བྱས། ལུང་མཐིལ་ན་ལྷུང་ལྷུང་འབབ་པའི་ཆུ་ཕྲན་དང་དུས་བཞིའི་ཁ་དོག་ལ་དོན་སྙིང་ཅི་ཡང་མེད་པར་བསམ། རྒྱུན་དུ་ཨ་ཕ་དང་རྟ་ཕོ་རྐྱང་དམར་གཉིས་ཀྱིས་རིག་མ་མྱོང་བའི་དངོས་པོ་སྣ་ཚོགས་འཁྱེར་ཡོང་སའི་ཀྱ་ཀྱུའི་རྐང་ལམ་དེར་རྒྱང་ལྟ་བྱས་ཤིང་། ནམ་ཞིག་གི་ཚེ། ངས་རྐང་ཐང་ལ་ལམ་འདིའི་རིང་ཐུང་གཞལ་དགོས་སྙམ། ད་དུང་ང་དང་ནུ་བོ་གཉིས་ཀྱིས་ལུང་མདོ་ནས་རྡོ་ཕ་བོང་ཞིག་ཞོན་རྟ་བྱས་ཏེ་ལུང་བའི་ཕ་རོལ་ཏུ་ཕྱིན་པའི་ཟློས་གར་ག་ཚོད་ཅིག་འཁྲབ་ཡོད་པ་རྡོ་ཕ་བོང་ཁོ་ནར་གསལ།
      ལོ་ཟླ་མང་པོ་ཞིག་ལ་ང་རང་རི་གྲོང་འདི་དང་ངའི་ཕ་ཁྱིམ་གནས་སའི་ལུང་པའི་བར་དུ་འགྲོ་འོང་གྲངས་མེད་བྱས་ཤིང་། སྐབས་ཤིག་ལ་དང་ཐོག་སྣང་བའི་ཡུལ་ན་ཆུང་ནས་གླེང་རིན་མེད་པའི་ལུང་པ་ཆུང་ཆུང་དེ་ངའི་ཕྱིར་མིག་ཐོགས་ས་ཡིན་འདུག་པ་རྟོགས་ཡོང་། དགེ་རྒན་གྱིས་ཕ་ཡུལ་དང་འབྲེལ་བའི་རྩོམ་ཡིག་འབྲི་རུ་བཅུག་ན་ངས་ལུང་པ་དེ་གཅིག་པུ་བྲིས་ཤིང་བྲིས་གྱིན་བྲིས་གྱིན་ལུང་པ་དེ་ཧ་ཅང་ཆེ་བར་སྣང་། 
ཕྱིས་སུ། དུས་ཀྱི་འཁོར་འགྲོས་བར་ནས་ལས་དང་ལ་མོ་བརྒྱབ་ནས་རི་བོ་མང་པོ་ཞིག་གི་ཕ་རོལ་ཏུ་སླེབས་དུས། ཚེ་སྲོག་གི་མྱུ་གུ་འབུས་པའི་ལུང་བ་ཆུང་ཆུང་དང་རྨི་ལམ་ལ་གཤོག་པ་སྤྲོད་སའི་རི་གྲོང་ཆུང་ཆུང་དེ་ངའི་སེམས་ནས་གཏན་དུ་འབོར་མི་སྲིད་པའི་ཕ་ཡུལ་ཡིན་འདུག མི་མང་པོ་ཞིག་གིས་རྨ་ཀླུང་རྡོ་རྗེ་བྲག་སོགས་གནས་འགངས་ཅན་དང་རྩོམ་རིག་གི་དེད་དཔོན་མཁས་དབང་དོན་གྲུབ་རྒྱལ་སོགས་མཁས་པ་མང་པོ་ཞིག་གླེང་འོང་དུས་ངས་ད་གཟོད་ངའི་ཕ་ཡུལ་ནི་གནས་ཀྱི་མཆོག་དང་རིག་པའི་མཛོད་ཅིག་ཏུ་ཡིན་པའི་ངེས་ཤེས་རྙེད་ཡོང་། ད་གཟོད་ཕ་ཡུལ་གྱིས་ང་ལ་གནང་བ་ནི་ཚེ་སྲོག་གིས་བོན་དང་རྨི་ལམ་གྱི་གཤོག་པ་ཁོ་ན་མ་ཡིན་པར་རང་དབང་གི་ནམ་མཁའ་ནས་ལྡིང་སྐོར་རྒྱག་པའི་ཆོད་སེམས་དང་སྙིང་སྟོབས་ཡང་བསྩལ་འདུག་སྙམ།
          མཛུབ་སྟོན་དགེ་རྒནམགོན་པོ་སྐྱིད།
  • 青ICP备16000895号 (公安备案号)63232202000008 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།