སློབ་མ། རྒན་ལ་བཀུར་ཞིང་ཀློག་ལ་དགའ། །བསམ་གཞིགས་དྲི་བ་འདོན་མཁས་པ། ། དགེ་རྒན། ལས་འདིར་དགའ་ཞིང་མཉམ་པོར་འབད། །གསར་གཏོད་ལམ་སྟོན་ངང་རྒྱུད་རིང་། ། སློབ་གྲྭ། གཤིས་རྒྱུད་རིང་པོའི་སློབ་རའི་ནང་། །སྤུས་ཀ་ལེགས་པོའི་གསོ་སྐྱོང་མཛེས། །

གནས་མཆོག་གཅན་ཚ།(སློབ་མའི་སྦྱངས་རྩོམ)3

སྤེལ་དུས། 2018-09-17 08:56:07    རྡེབ་ཚད།
མཉམ་སྤྱོད་གནས།
   

 

གནས་མཆོག་གཅན་ཚ།
གཅན་ཚ་རྫོང་མར་ཁུ་ཐང་ཆ་ཚང་སློབ་ཆུང་གཉིས་པའི་ལྔ་གསུམ་འཛིན་གྲྭ      བཀྲ་ཤིས་དབང་རྒྱལ།
      གཡང་མདའི་ཕ་སའམ་མདའ་མོ་གཡང་རྫོང་དུ་གྲགས་པའི་གནས་མཆོག་གཅན་ཚ་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་མཚམས་ཀྱི་རྨ་ཀླུང་རིང་མོའི་འགྲམ་རྒྱུད་དུ་ཆགས་ཡོད་ཅིང་། རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་1714ཡོད་པ་དང་། བོད་རིགས་གཙོ་བྱས་པའི་མི་འབོར་ཁྲི་ལྔ་ལྷག་ཡོད་པའི་གྲངས་ཉུང་མི་རིགས་འདུས་སྡོད་ཀྱི་ས་ཁུལ་ཞིག་ཡིན།
          སྔ་རབས་མཁས་པའི་བཤད་རྒྱུན་ལྟར་ན། གནས་འདི་ནི་ཕྱི་དར་བསྟན་པའི་འབྱུང་ཁུངས་ཡིན་ཞིང་། ལྷ་ལུང་དཔལ་གྱིས་རྡོ་རྗེ་ཡིས་སངས་རྒྱས་བསྟན་པའི་དགྲ་བོ་བཙན་པོ་གླང་དར་མ་བཀྲོངས་རྗེས་ཡུལ་འདིར་བྲོས་བྱོལ་དུ་ཕེབས་ཤིང་ཕྱིས་སུ་སྒྲུབ་པ་ཉམས་ལེན་དང་རྒྱལ་བསྟན་སླར་གསོའི་མེ་རོ་སྦར་བར་གྲགས་ཤིང་རྨ་ཀླུང་རྡོ་རྗེ་བྲག་ར་དང་ཨ་ཆུང་གནམ་རྫོང་། མཁས་གྲུབ་བྱེ་བའི་འབྱུང་གནས་ལཱ་མོ་བདེ་ཆེན་ཆོས་འཁོར་གླིང་། རྨ་མགུར་རྣམ་རྒྱལ་གླིང་། ཀོའུ་བ་བཤད་སྒྲུབ་དར་རྒྱས་གླིང་སོགས་མདོ་སྔགས་བསྟན་པའི་དབེན་གནས་གྲངས་མེད་པ་ད་ལྟའང་དངོས་སུ་མཇལ་རྒྱུ་ཡོད་ལ། བསྟན་པ་འཛིན་པའི་སྐྱེས་བུལའང་མཉམ་མེད་ཆོས་ཀྱི་རྒྱལ་བོ་བློ་བཟང་གྲགས་པའི་སློབ་དཔོན་དམ་པ་ཆོས་རྗེ་དོན་གྲུབ་རེན་ཆེན་དང་སྡེ་བརྒྱད་བྲན་དུ་བཀོལ་བའི་མཐུ་ཆེན་ཕྱོགས་བཅུའི་ཁྲོ་བོ་བཅུ་ལ་སོགས་པའི་སྐྱེས་ཆེན་དམ་པའང་གང་མང་འཁརུངས་མྱོང་བར་གྲགས།
         ད་ལོའི་དབྱར་གནང་གི་སྐབས་སུ། ངེད་ཚང་གི་བཟའ་མི་གང་བོ་ཁམས་ར་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དང་སྣང་རའི་སྟོང་དཔོན་གཞིས་ཀ དགུ་རོང་ལང་ཚོའི་རྦབ་ཆུ་སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཡུལ་སྐོར་ལྗོངས་རྒྱུ་ལྟེ་གནས་སུ་སྤྲོ་འཆམ་དུ་སོང་བ་ཡིན་ཞིང་། ལམ་བར་དུ་ཨ་ཕས་ང་ལ་རང་ས་གནས་ཀྱི་རང་བྱུང་མཛེས་ཉམས་དང་དམངས་སྲོལ་རིག་གནས། དུས་རབས་ཀྱི་འཕེལ་རྒྱས་སོགས་ཡུལ་དངོས་དང་སྦྱར་ཏེ་གསལ་བཤད་རགས་བསྡུས་ཤིག་བྱས་ཀྱང་། ང་རང་གི་བློ་ངོར་ཤོངས་ཤིང་དྲན་འཛིན་གྱི་རྒྱ་རུ་ཚུད་པ་ནི་སྣང་རའི་སྟོང་དཔོན་གྱི་དཔའ་མཛངས་རྟུལ་ཕོད་ཀྱི་སྙིང་སྟོབས་དང་མིག་རྒྱང་རིང་བའི་བདེན་པ། གཞན་ཡང་། རྩོམ་རིག་གསར་བའི་དེད་དཔོན་རང་གྲོལ་རིག་པའི་ཁྱུ་མཆོག་དང་ཉམས་པ་མེད་པའི་ལང་ཚོའི་རྦབ་ཆུ་གཉིས་རེད། ངའི་ཡིད་ངོར་བརྙན་འཕྲིན་ལས་མཐོང་མྱོང་བའི་དཔའ་རྒོད་གང་མང་གི་གཟུགས་བརྙན་དང་སློབ་གྲྭའི་གྱང་ངོས་སུ་བཀལ་བའི་དཔལ་དོན་གྲུབ་རྒྱལ་གྱི་སྐུ་པར་སོགས་དུས་མཉམ་དུ་ཤར་བའི་མོད་ལ་སྐད་ཡིག་དཔེ་དེབ་ཁྲོད་ཀྱི་སྙན་ངག་ཚན་པ་རེ་རེའི་རྩོམ་བྱང་དང་རྩོམ་པ་པོའི་མཚན་ལ་ཕྱིར་འདང་ཐེངས་ཤིག་རྒྱབ་ཏེ་རང་གྲོལ་ལམ་དོན་གྲུབ་རྒྱལ་ཞེས་པའི་མིང་འདི་འཚོལ་བཤེར་བྱས་པ་ཡིན། སྐབས་ཤིག་ལ་ཨ་ཕས་ངའི་བསམ་ཚུལ་རྟོགས་པ་ཇི་བཞིན་ཁྱོད་ཀྱི་མ་འོངས་བའི་སློབ་དེབ་ནང་དུ་ལང་ཚོའི་རྦབ་ཆུ་གཙོ་བྱས་པའི་དོན་གྲུབ་རྒྱལ་གྱི་རྩོམ་ཡིག་མང་པོ་ཡོད་པ་རེད་ཟེར་བས་ང་རང་སྐད་ཅིག་ཉིད་དུ་སློབ་ཚན་དེ་ཉིད་ཡོད་པའི་ལོ་རིམ་དེར་འཕར་འདོད་ཀྱི་འདུན་པ་དྲག་པོ་ཞིག་སྐྱེས་པ་དང་། རང་གི་ཕ་ཡུལ་ལ་སྔར་ལས་ལྷག་པའི་བརྩེ་བ་ཟབ་མོ་ཞིག་སྐྱེས་པ་དང་མཉམ་དུ་ང་རྒྱལ་གྱི་ཁོང་འཛུམ་ཞིག་ཀྱང་སེམས་གཏིང་ནས་ཤོར་རོ།།
                                                 མཛུབ་ཁྲིད་དགེ་རྒན། མགོན་པོ་སྐྱིད།
  • 青ICP备16000895号 ངེད་སློབ་གྲྭའི་ལས་དོན་ལ་ཐུགས་ཁུར་གནང་བར་སྐུ་དྲིན་སྙིང་ནས་ཆེ་ཞུ་བ་ལགས།
  • ས་གནས། གཅན་ཚ་རྫོང་རྨ་ཆུ་ལམ་སྒོ་རྟགས་ཨང 82 པ། སྦྲགས་སྲིད། 811299 ཁ་པར། 0973-8732260
  • པར་གཞི་ཇུས་འགོད། མཚོ་སྔོན་གངས་དཀར་ཆ་འཕྲིན་ཚད་ཡོད་ཀུང་ཟི། འབྲེལ་གཏུགས་གནས། QQ:1031500824
  • པར་དབང་ཡོད་ཚད་ངེད་སློབ་གྲྭར་དབང་།